འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི“ཕྱུག་འགྱུར་ཐབས་ལམ”

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 11:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨ་ཧྥེ་རི་ཁའི་ལྷོ་རྒྱུད་དུ“ཉ་ཆེན་རྨིགས་པའི་གཙང་པོ”ཞེས་འབོད་པའི་ལིན་པོ་པོ་གཙང་པོ་མོ་ཙམ་པི་ཁེ་ཅ་ཀྲ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་སེ་སེ་བརྒྱུད་ཧིན་རྡུ་རྒྱ་མཚོར་རྒྱུག་གི་ཡོད། ལོ་མང་རིང་རྦ་རླབས་ཆེན་པོས་ཨ་ཧྥེ་རི་ཁའི་ས་གཞི་ཆེ་མོ་བརླན་པས་དེ་གར་ས་རྒྱུ་གཤིན་པའི་ས་ཞིང་མང་པོ་བྱུང་ཡོད། དེ་གའི་གྲོང་མིས་ཁ་རྒྱུན་དུ་བརྗོད་པའི་རྒྱ་སྐད་ནི“དབོན་པའོ”ཞེས་པ་དེ་ཡིན།
         “དབོན་པའོ་ནང་ཞུགས་རྗེས་ངའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སོང་། ད་ཆ་ངས་ཁང་གསར་བསྐྲུན་པ་དང་། ཕྲུ་གུ་5ཡང་སློབ་གྲྭར་བཏང་ཐུབ་པ་བྱུང”བུད་མེད་ཞིང་པ་མ་ཏིར་ཏ་ཡིས་རང་ཁྱིམ་གྱི་འབྲས་ཞིང་ལ་བལྟས་ནས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།
         དེ་གའི་ཀྲུང་གོའི་ཞིང་ལས་རྣམ་གྲངས་གསར་སྤེལ་དང་བཀོད་སྒྲིག་འཆར་གཞི་ལས་ཕན་པ་ཐོབ་མཁན་མ་ཏིར་ཏ་ལ་ས་ཞིང་སྤྱི་ཆིང་1ཐོབ་པ་མ་ཟད། མཉམ་ལས་འདེབས་འཛུགས་ནང་ཞུགས་པ་དང་འབྲུ་འདེབས་ལག་རྩལ་གསོ་སྦྱོང་ནང་དུའང་ཞུགས་ཐུབ་པ་བྱུང་ཡོད། “འབྱུང་འགྱུར་རང་ཉིད་ཞིང་ར་ཆེན་པོའི་བདག་པོར་འགྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”
          མ་ཏིར་ཏ་ཡིས་བརྗོད་པའི་དབོན་པའོ་ནི་དབོན་པའོ་ཡི་མོ་ཙམ་ཞིང་ལས་གླིང་གི་རྣམ་གྲངས་དེ་ཡིན། རྣམ་གྲངས་དེ་མིག་སྔར་ཀྲུང་གོས་ཨ་ཧྥེ་རི་ཁར་ལག་ལེན་བསྟར་བའི་ཆུ་འབྲས་ཀྱི་རྣམ་གྲངས་ཆེ་ཤོས་དེ་ཡིན་ལ་ཀྲུང་གོ་དང་མོ་ཙམ་པི་ཁེའི་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་གྲས་ཤིག་ཀྱང་ཡིན། རྣམ་གྲངས་ནང་ཆུ་འབྲས་འདེབས་འཛུགས་དང་། བཀར་འཇུག ལས་སྣོན། བྲིན་འཚོང་བཅས་གཞི་གཅིག་ཏུ་འདུས་པ་དང་ས་ཞིང་སྤྱི་ཆིང་ཁྲི་2འདེབས་རྩིས་ཡོད། ཡུལ་དེའི་ཞིང་པར་གསོ་སྦྱོང་བྱས་པ་བརྒྱུད་མཐའ་འཁོར་གྱི་ས་ཞིང་སྤྱི་ཆིང་ཁྲི་8ལ་ཆུ་འབྲས་འདེབས་རྒྱུར་སྐུལ་འདེད་བཏང་སྟེ་ས་ཞིང་སྤྱི་ཆིང་ཁྲི་10ཡི་འདེབས་འཛུགས་གཞི་ཁྱོན་ཆགས་ཐུབ་པ་བྱས་ཡོད། མ་ཏིར་ཏ་ཡི་ས་ཞིང་སྤྱི་ཆིང་1ནི་འདེབས་འཛུགས་རྒྱ་ཁྱོན་གྱི་འཆར་གཞིའི་ཁྲིའི་བཅུའི་ཆ་གཅིག་ཡིན།
         སེ་སེ་གྲོང་ཁུལ་དུ་གནས་པའི་ལོ་62ལ་སླེབས་པའི་ཨན་ཏུང་ཉི་ཨའོ་ཡིས་རང་ཉིད་ལ་ས་ཞིང་སྤྱི་ཆིང་40ཡོད་ཅེས་སྤོབས་པ་ཆེན་པོས་གསར་འགོད་པར་བཤད། འབྲུ་འདེབས་དུད་ཆེན་ལ་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་ནི་ཀྲུང་གོའི་ཞིང་ལས་རྣམ་གྲངས་ལས་སྔོན་ཐོན་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་པ་དེ་ཡིན།
         “དེ་སྔོན་རང་ཉིད་ལ་འདྲུད་འཐེན་འཁོར་ལོ་རྙིང་པ་གཅིག་ལས་མེད་པས་དཀའ་ལས་ཁྲག་དྲི་བྲོ་བ་བརྒྱབ་རུང་ས་ཞིང་སྤྱི་ཆིང་རེ་ནས་འབྲས་ཏུན་གཅིག་དང་ཕྱེད་ཀ་མ་གཏོགས་ཡོང་གི་མེད། དབོན་པའོ་རྣམ་གྲངས་གསོ་སྦྱོང་བརྒྱུད་ངས་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་སྦྱོང་ཐུབ་པ་བྱུང་ལ་བཀོལ་སྤྱོད་བདེ་བའི་དེང་རབས་ཅན་གྱི་ཆུ་ཞིང་རྨོ་འདེབས་འཕྲུལ་འཁོར་ཡང་སྤྱོད་ཤེས་བྱུང་། ད་ཆ་སྤྱི་ཆིང་རེའི་འབྲས་ཞིང་གི་ཐོན་ཚད་ཏུན་བདུན་ནས་བརྒྱད་བར་ཟིན་པས་དེ་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་རེད་འདུག”ཅེས་ཨན་ཏུང་ཉིས་བཤད།
         2013ལོར་དབོན་པའོ་མཉམ་ལས་འདེབས་འཛུགས་ནང་ཞུགས་པའི་ཧྥེ་ལི་ཕུའུ་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་དཔེ་མཚོན་ལྟ་བུ་ཡིན། ཁོང་གིས་རྩྭ་སྤྱིལ་བཤིག་ནས་ཁང་མིག་གསུམ་ལྡན་གྱི་ས་ཕག་ཁང་པ་བརྒྱབ་པ་དང་ཉེ་དུས་ད་དུང་རླངས་འཁོར་ཞིག་ཀྱང་ཉོས་ཡོད། ཁོང་གིས་གསར་འགོད་པར“ང་དང་དབོན་པའོ་དབར་འདེབས་འཛུགས་གྲོས་ཆོད་བཞག་པ་ཡིན། འབྲས་དབོན་པའོ་ལ་བཙོངས་པ་དང་དབོན་པའོ་ཡིས་རང་ཉིད་ལ་ས་ཞིང་སྤྱི་ཆིང་1ལ་མཁོ་བའི་ཞིང་སྤྱོད་གྲོན་དངུལ་སྤྲོད་ཀྱི་ཡོད། མ་གནས་མེ་ཏི་ཁར་ཁྲི་2.5(མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་2500)ཙམ་ཡིན”ཞེས་བཤད།
         “དབོན་པའོ་ཡིས་ས་ཞིང་གསར་སྦོལ་དང་། ཆུ་ཡུར་གཙང་སེལ། ཆུ་རག་བསྐྲུན་པ་བཅས་ཀྱི་འགན་ཁུར་བ་མ་ཟད། ད་དུང་ང་ཚོར་ཇི་ལྟར་བྱས་ནས་ཆུ་འབྲས་འདེབས་འཛུགས་ལག་རྩལ་སྤྱོད་དགོས་མིན་ཡང་བསླབས་ཀྱི་ཡོད། དབོན་པའི་ཡིས་ས་ཞིང་ཁོད་སྙོམས་རྗེས་ཀྲུང་གོའི་ཞིང་ལས་ལག་རྩལ་པས་རང་ཉིད་འདེབས་འཛུགས་བྱེད་པར་ཁྲིད་བྱུང་། དབོན་པའོ་ཡིས་རྩྭ་སྨན་དང་། རྫས་ལུད། བརྔ་བསྡུ། སྐྱེལ་འདྲེན་སོགས་ཀྱི་གྲོན་དངུལ་སྔོན་ལ་སྤྲོད་ཀྱི་ཡོད”
         “འབྲས་ཞིང་སྤྱི་ཆིང་རེར་ཐོན་ཚད་ཏུན་5ཡི་ཚད་གཞི་ལྟར་ན་སྤྱི་རྒྱ་རེའི་འབྲས་ཀྱི་རིན་གོང་མེ་ཏི་ཁར་སྒོར་10ལ་རྩིས་བརྒྱབ་ཚེ་སྤྱི་ཆིང་རེའི་འབྲས་ཞིང་གི་ཡོང་འབབ་བསྡོམས་འབོར་མེ་ཏི་ཁར་སྒོར་ཁྲི་5ཡིན་པ་དང་སྔོན་ལ་སྤྲད་པའི་གྲོན་དངུལ་བཅག་ཚེ་རང་ཉིད་ལ་ཡོང་འབབ་ཁེ་གཙང་མེ་ཏི་ཁར་སྒོར་ཁྲི་2.5རག་གི་འདུག”
         “དབོན་པའོ་མོ་ཙམ་ཞིང་ལས་གླིང་གི་རྣམ་གྲངས་ཀྱིས་ང་ཚོར་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་ཡོད”འདི་ལོའི་ཟླ་4པར་འཚོགས་པའི་འདེབས་འཛུགས་དུས་ཚིགས་ཀྱི་ཆུ་འབྲས་བརྔ་བསྡུའི་མཛད་སྒོའི་ཐོག་ལིན་པོ་པོ་གཙང་པོའི་སྨད་རྒྱུད་ཀྱི་ཆུ་ཁོངས་ཀྱི་ཞིང་ཆུ་གཏོང་ཁུལ་ཀུང་སིའི་འཐུས་མི་ཤིས་ས་ནོ་ཡིས་ཞིང་ལས་གླིང་རྣམ་གྲངས་ཀྱིས་ཡུལ་དེའི་དམངས་ཚོགས་ལ་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་བ་ཁས་ལེན་གང་ལེགས་བྱས་ཡོད།
         མོ་ཙམ་པི་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུའུ་ཅན་གྱིས་སེ་སེ་ས་ཁུལ་དུ་ཐུན་མོང་མ་ཡིན་པའི་ཞིང་ལས་བྱེད་པའི་ཆ་རྐྱེན་ལྡན་མོད། འོན་ཀྱང་མོ་ཙམ་པི་ཁེར་ལོ་ལྟར་འབྲུ་རིགས་དཀོན་པའི་གནད་དོན་ལྷག་གི་ཡོད། དབོན་པའོ་རྣམ་གྲངས་ཀྱིས་གལ་སྲིད་གཏན་འཁེལ་བའི་དམིགས་ཚད་མངོན་འགྱུར་ཐུབ་ཚེ་ཡུལ་དེའི་དམངས་ཚོགས་ཀྱི་ཡོང་འབབ་མང་དུ་འགྲོ་ཐུབ་པ་མ་ཟད། མོ་ཙམ་པི་ཁེར་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་ཀྱང་བྱེད་ཐུབ་ཅེས་བཤད།
        དབོན་པའོ་མོ་ཙམ་ཞིང་ལས་གླིང་རྣམ་གྲངས་ཀྱི་དོ་དམ་མཁན་ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པའི་མོ་ཙམ་པི་ཁེ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀུའོ་ཝེ་ཡིས་འདེབས་འཛུགས་དུས་ཚིགས་གོང་མར་རྣམ་གྲངས་ཀྱིས་ཆུ་འབྲས་སྤྱི་ཆིང་2200བཏབ་ཡོད། 2018ལོ་ཚུན་དབོན་པའོ་དང་མཉམ་ལས་འདེབས་འཛུགས་གྲོས་མཐུན་བཞག་མཁན་ས་གནས་དེའི་ཞིང་དུད་450དང་ས་ཞིང་རྒྱ་ཁྱོན་སྤྱི་ཆིང་800ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།