འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།“སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ”ལས“མཛེས་སྡུག་མངོན”ས་ཁོངས་ཧྲིལ་
    པོའི་ཡུལ་སྐོར“གསེར་རི་དངུལ་རིར”གྱུར་པ།

    —— བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ནང་ཁྱབ་པར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་27ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         བོད་ལྗོངས་ལ་ཐུན་མོང་མ་ཡིན་པའི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཡུལ་སྐོར་ལས་རིགས་དེ“སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ”དང“གསེར་རི་དངུལ་རིར”འགྱུར་བར་བྱེད་པའི་ཟུང་འབྲེལ་བྱ་གཞི་ཡག་ཤོས་ཤིག་ཏུ་བརྩིས་ནས། “ཁྱད་ལྡན་དང་། རྩེར་སོན། སྤུས་རྟགས”བཅས་ཕྱོགས་སྟོན་དུ་བྱས་ཏེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང“འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན”བསྐྲུན་མགྱོགས་སུ་གཏོང་རྒྱུར་སྐུལ་མ་བཏང་ཞིང་། ད་ཆ་ཡུལ་སྐོར་ལས་རིགས་ཉིད་བོད་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི“སྐར་ཁུང”ཐོན་ལས་དང་། “དམངས་ཕྱུག་བོད་དར”གྱི་ཀ་རྟེན་ཐོན་ལས། བོད་ལྗོངས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་བཅས་སུ་གྱུར་ཡོད།
         ཐུན་མོང་མ་ཡིན་པའི་ས་ཁམས་དང་། གནམ་གཤིས་ཁོར་ཡུག་གི་ཤུགས་རྐྱེན་དབང་གིས་བོད་ལྗོངས་ཀྱི་ཡུལ་སྐོར་ལ“དབྱར་དགུན་ཡུལ་སྐོར་བ་མང་ཉུང་མི་སྙོམས་པའི”གནས་ཚུལ་ཞིག་གནས་ཡོད། ལོ་ལྟར་གྱི་ཟླ་བཅུ་གཅིག་པ་ནས་ཕྱི་ལོའི་ཟླ་གསུམ་པ་བར་ས་མཐོར་ཡུལ་སྐོར་དུ་ཡོང་མཁན་ཉུང་བར་བརྟེན་ས་ཁོངས་ཧྲིལ་པོ་དང་ནམ་དུས་མི་དབྱེ་བར་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཆེད། འདི་ལོའི་ཟླ་2ཚེས་1ཉིན་བོད་ལྗོངས་ཀྱིས“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད། གོ་ལའི་མཐའ་སྣེ་གསུམ་པ་མཉམ་དུ་སྤྱོད”ཅེས་པའི་བྱེད་སྒོ་སྤེལ་ཏེ། ཟླ་2ཚེས་1ཉིན་ནས་ཟླ་4ཚེས་30ཉིན་བར་ཡུལ་སྐོར་བར་Aརིམ་པའི་མཛེས་ལྗོངས་ཁུལ་115ཡི་སྒོ་འཛིན་རྩ་ཆག་བཏང་བ་དང་། སྐར་མ་རིམ་པའི་མགྲོན་ཁང་དང་། ཡུལ་སྐོར་རླངས་འཁོར། མཁའ་འགྲུལ་སོགས་ཐད་ནས་གཟིགས་སྐྱོང་གི་བྱེད་ཐབས་མང་པོ་བཏོན་ཡོད། ཉིང་ཁྲིའི་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱིས་དགུན་དུས་ཡུལ་སྐོར་གྱི་བྱེད་སྒོར་བརྟེན་ནས་ཟླ་བ་དང་པོ་ནས་གསུམ་པ་བར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དེ་དུས་མཚུངས་ལས་ལྡབ་6ཙམ་འཕར་བ་དང་། “ཁམ་བུའི་མེ་ཏོག་དུས་ཆེན”རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་50%འཕར་བ། ཕོ་བྲང་པོ་ཏ་ལར་ཟླ་གཉིས་པར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་230%འཕར་བ་བཅས་རེད།
          ཀོང་ཤིས་ནས་ཡོང་བའི་ཡུལ་སྐོར་བ་ཙེང་ཡུས་ལིང་གིས་དཔྱིད་གསར་དུས་ཆེན་རིང་ནང་མི་ཁྲིད་དེ་བོད་ལྗོངས་སུ་ཡུལ་སྐོར་བྱེད་པར་ཡོང་བ་ཡིན། ཁོང་གིས “སྒོ་འཛིན་རྩ་ཆག་བཏང་བ་དང་། གནམ་གྲུའི་སྤ་སེ་དང་ཞག་སྡོད་ཐད་གཟིགས་སྐྱོང་ཡོད་པ་མ་ཟད། དགུན་གྱི་ཡུལ་ལྗོངས་ལ་དམིགས་བསལ་ཁྱད་ཆོས་ལྡན་ལ་མི་རིགས་ཀྱི་དམངས་སྲོལ་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པས་ཡོང་རིན་ཆོག་འདུག”ཅེས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།
          བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་དང་པོ་ནས་བཞི་པ་བར་བོད་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་266.7ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་63.5%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་35ཙམ་ཟིན་པ་དེ་དུས་མཚུངས་ལས་62.8%མང་དུ་སོང་བ་དང་། ལྷ་ས་དང་ཉིང་ཁྲི་སོགས་ཀྱི་མགྲོན་ཁང་གཙོ་བོར་ཆ་སྙོམས་ཞག་སྡོད་བྱེད་ཚད་50%ཡན་ཟིན་པའི་ནང་རྒྱལ་སྤྱི་དང་། མུ་འབྲེལ། སྤུས་རྟགས་བཅས་ཀྱི་མགྲོན་ཁང་ལ་ཞག་སྡོད་བྱེད་ཚད་80%ཡན་ཟིན་ཏེ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད།
         ཡུལ་སྐོར་ཁྲོམ་ར་བརྟན་པོའི་ངང་བར་བརྒལ་ཡོང་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིབ་འཇུག་གཏན་འཁེལ་བྱས་པ་བཞིན་གཞུང་ཁོངས་ཀྱི་མཛེས་ལྗོངས་ཁུལ་གཙོ་བོ་ཁག་གཅིག་གི་སྒོ་འཛིན་དང་། ཡུལ་སྐོར་རླངས་འཁོར། མཁའ་འགྲུལ་བཅས་ཐད་གཟིགས་སྐྱོང་བྱེད་པའི་བྱེད་ཐབས་ཐོག་མའི་གཏན་འཁེལ་གྱི་དུས་ཚོད་ནས་ཟླ་6ཚེས་30ཉིན་བར་ནར་འགྱངས་བྱས་པ་རེད།
          བོད་ལྗོངས་སུ་བྲེལ་འཚུབ་ངང་ཡུལ་སྐོར་དུ་བསྐྱོད་ཀྱང་ཚེ་གང་བག་ཆགས་ཟབ།
        འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ལྗོངས་ཀྱི་ལོ་གསར་ཉིན་གཅིག་ལ་འཁེལ་ཡོད། ལྷ་སའི་ཡུལ་སྐོར་ལས་དོན་ཁང་ཆེ་གྲས་ཁག་གིས་བོད་ལྗོངས་ཀྱི་ལོ་གསར་རིང་གི་ཡུལ་སྐོར་ལམ་ཐིག་བཏོན་པའི་ནང་། བོད་རིགས་ཀྱི་ཁྱིམ་དུ་སྐྱོད་པ། ལོ་གསར་གྱི“དགུ་ཐུག”འཐུང་བ། “ལྕེ་ཐོག་གི་བོད་ལྗོངས”ཞེས་པ་སོགས་ལས་ཡུལ་སྐོར་བར“རིག་གནས་ཀྱི་ཡུལ་སྐོར”ཞིག་ཚོར་ཏེ་དེ་གའི་མང་ཚོགས་དང་བརྩེ་བ་ཟབ་ཏུ་སོང་ཡོད། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་སུང་ཕིང་གིས“མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་རིང་ཡུལ་སྐོར་ལས་རིགས་ཀྱི་ནུས་པ་སྔར་བས་ཆེན་པོ་ཐོན་ཡོད”ཅེས་བཤད།
         བོད་ལྗོངས་སུ་ཉིན་བདུན་ཡུལ་སྐོར་བྱེད་རིང་། ལོ་53ལ་སླེབས་པའི་ཧོ་པེ་ནས་ཡིན་པའི་ཡུལ་སྐོར་བ་ཆའོ་ཁྲུན་ཡན་གྱིས་བོད་ལྗོངས་ཀྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་ལྟ་རྒྱུ་བྱུང་བ་མ་ཟད། ད་དུང་ལོ་24ལ་སླེབས་པའི་ཁ་ལོ་བ་བཀྲ་དོན་དང་གྲོགས་པོ་འགྲིགས་ཤིང་། ཁ་འབྲལ་ཁར་བཀྲ་དོན་གྱིས་ཚགས་ཤ་སྐམ་པོ་དང་ཕྱུར་བ་སྤྲས་པས་ཆའོ་ཁྲུན་ཡན་སེམས་འགུལ་ཆེན་པོ་ཐེབས།
         བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཞི་པ་བར་བོད་ཀྱིས་ས་ཁོངས་སྒྲོལ་ནས་ཡུལ་སྐོར་བྱེད་པར་ཡོང་མཁན་མི་ཐེངས་ཁྲི་4ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་50.5%འཕར་ནས་ཡུལ་སྐོར་གྱི་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི་2673བྱུང་བ་དེ་དུས་མཚུངས་ལས་50.7%འཕར་ཡོད།
         “ལྗང་མདོག་འཕེལ་རྒྱས”བཏང་ནས“སྣོད་བཅུད་བཟང་པོར”གྱུར་པ་ལས་ཁེ་སྤོགས་བྱུང་བ།
         ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོ་ཉིད་ཡར་ཀླུང་གཙང་པོའི་རོང་ཆེན་དང་ཉེ་བར་གནས་པ་དང་ཁ་སྤྲོད་དུ་གནམ་ལྕགས་འབར་བ་ཡོད། དེ་ནི་ཉིང་ཁྲིའི“ཁམ་བུའི་མེ་ཏོག་དུས་ཆེན”རིང་ཁམ་བུའི་སྡོང་པོར་ལྟ་ཡུལ་ཡག་ཤོས་གྲས་ཤིག་རེད། ཡུལ་མི་སྒྲོལ་དཀར་གྱིས“ན་ནིང་ཁྱིམ་ཚང་མགྲོན་ཁང་གཉེར་ནས་ལོར་ཡོང་འབབ་སྒོར་ཁྲི་4ཙམ་བྱུང་བས་དབུལ་ཞྭ་ཕུད་ཐུབ་སོང་། དེ་དག་ཚང་མ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བྱུང་བ་ལས་ཐོབ་པའི་འབྲས་བུ་ཞིག་རེད”ཅེས་འཛུམ་དམུལ་དམུལ་ངང་བཤད།
         ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ཁྱབ་པར་བྱས་ནས་བོད་ཀྱི“སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ”སྲུང་སྐྱོང་བྱས་ཏེ། “གསེར་རི་དངུལ་རིར”འགྱུར་བ་བྱས་ཤིང་། 2017ལོར་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་2561ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་379ཟིན་པ་དང་། ཞིང་འབྲོག་པ་ཁྲི་12.5ལ་ཡུལ་སྐོར་ལས་ཡོང་འབབ་རག་སྟེ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2བྱུང་བ། མི་འབོར་དབུལ་པོ་ཁྲི་2.93དབུལ་སྒྲོལ་ཡོང་བར་སྣེ་ཁྲིད་ཐུབ་པ་བཅས་རེད།
         “ཡུལ་སྐོར་བས་མཐོང་བ་ནི་འདི་གའི་ཡིད་དུ་འོང་བའི་སྣོད་བཅུད་བཟང་པོ་དག་ཡིན་པས། ཁོར་ཡུག་སྲུང་སྐྱོང་ཇི་ཙམ་ཡག་པོ་ཐུབ་པ་དེ་ཙམ་དུ་ཡུལ་སྐོར་ལས་རིགས་ལ་མདུན་ལམ་རྒྱ་ཆེན་པོ་ལྡན་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མག་ཤང་གི་ཡུལ་མི་སྒྲོལ་མས་དེ་ལྟར་བཤད་ཅིང་། ཁོང་གིས“སྔོན་མ་ཡུལ་མིས་སྨྱུག་བསླས་ལ་བརྟེན་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་འཕེལ་རྒྱས་བྱུང་བ་བརྒྱུད་ཡོང་འབབ་མང་དུ་སོང་ནས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཏེ་ཡུལ་མི་རྣམས་སྨྱུག་མ་གཅོད་མི་དགོས་པར་ནགས་སྲུང་བ་བྱས་ནས་ནགས་ཚལ་སྲུང་གི་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།