འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།དུད་ཚང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་སྒྲོལ་མ་ཚེ་རིང་གི་རེ་འདུན་ཞུ་ཡིག

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཁྲིམས་ལུགས་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་དུ་དུད་ཚང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་ཡིག་ཅིག་བཞག་ཡོད་པ་འདི་ལྟར་ཏེ། “ངའི་ཁྱིམ་དུ་ད་དུང་ཞོག་ཁོག་འདེབས་ས་མུའུ་གཉིས་ལྷག་ཙམ་ཡོད། ལོ་ལྟར་མཐའ་མཚམས་ཀྱི་ཁ་གསབ་དང་རྒན་གསོའི་ཁ་གསབ་སོགས་མང་པོ་འདུག ཁྱིམ་ལ་རྒན་རྒོན་ང་གཅིག་པུ་ལས་མེད་པས་འགྲོ་སོང་དེ་ཙམ་མི་འདུག ད་ཆ་ང་རྦད་དེ་འདོད་བློ་ཁེངས་སོང་། ཏང་དང་སྲིད་གཞུང་ནི་ངའི་རྒྱབ་རྟེན་ཆེ་ཤོས་ཡིན། འདི་གར་ངས་རྩ་འཛུགས་ལ་གོ་སྐབས་ད་དུང་ལས་ཀ་བྱེད་ཐུབ་པའི་དུད་ཚང་དབུལ་པོ་དང་དགོས་མཁོ་དེ་བས་ཆེ་བའི་མིར་སྤྲོད་རོགས་ཞེས་ཞུ་རྒྱུ་ཡིན”ཞེས་པ་དེའོ།
         དུད་ཚང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་མཁན་གྱི་མིང་ལ་རྒན་མོ་སྒྲོལ་མ་ཚེ་རིང་ཟེར་ཞིང་། ཁོང་ནི་དུད་ཚང་དབུལ་པོའི་གཞི་རྩའི་ཆ་རྐྱེན་དང་མཐུན་ཡང་། གྲོང་རྡལ་སྲིད་གཞུང་ལ་དུད་ཚང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཐེངས་མང་ཞུས་པ་དང་ཁོང་གིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་པོའི་གནས་ལས་སྒྲོལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།
         འདི་ལོ་ལོ་62སླེབས་པའི་སྒྲོལ་མ་ཚེ་རིང་གིས་གནག་ཅིང་སྣུམ་པའི་སྐྲ་ལོའི་ལྷས་མ་གཉིས་བསླས་ཡོད་པ་དང་སྣུམ་ཞག་དོད་པའི་ངོ་གདོང་ཐོག་ཁྲ་སྒོར་སྒོར་གྱི་མིག་ཟུང་ལས་ཁོང་ནི་སེམས་ཤུགས་ཧ་ཅང་ཆེ་བའི་མི་ཞིག་ཡིན་པ་རྟོགས་ཐུབ། མ་གཞི་འགྲོ་སྐྱོད་སྟབས་བདེ་པོ་མེད་ནའང་སྒྲོལ་མ་ཚེ་རིང་གིས་རྟག་པར་ཁྱིམ་ལ་གཙང་སྦྲ་ལེགས་པར་བྱས་ནས་སྡོད་ཀྱི་ཡོད།
         ད་ཆ་དཀར་ཆ་དོད་པའི་ཁང་པ་ཆེན་པོའི་ཚོམས་ཆེན་དབུས་སུ་བཀལ་བའི་གཙོ་འཛིན་གྱི་སྐུ་པར་འཕྱིས་རྒྱག་པ་དང་། མེ་ཏོག་ལ་གཡོག་བྱེད་བྱེད་པ། གནམ་དྭངས་སྐབས་ཞོག་ཁོག་བཏབ་པའི་ཞིང་ཁར་སྐོར་བ་ལན་འགའ་རྒྱག་རྒྱུ་ནི་སྒྲོལ་མ་ཚེ་རིང་གི་ཉིན་རེའི་ལས་ཀ་གཙོ་བོ་ཡིན་པ་ཕུད། གཞན་ཡང་གྲོང་རྡལ་སྲིད་གཞུང་ལ་རང་ཉིད་དུད་ཚང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་ཡིག་ལ་ཆོག་མཆན་སྤྲོད་རོགས་ཞེས་ཞུ་རྒྱུ་དེར་བསམ་བློ་གཏོང་བཞིན་ཡོད། “ཏང་གི་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན། ངས་ད་དུང་ཏང་དང་སྲིད་གཞུང་ལ་སུན་པོ་བཟོས་ན་ག་ལ་འགྲིག”ཅེས་དུད་ཚང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་སྐོར་བརྗོད་སྐབས་རྒན་མོའི་ངོ་གདོང་ལས་མཐའ་འཁྱོངས་དང་སེམས་ཐག་གཙང་བཅད་ཀྱི་རྣམ་འགྱུར་ཞིག་མངོན་གྱི་འདུག
          2015ལོར་ཤར་གསིང་མ་གྲོང་རྡལ་སྲིད་གཞུང་གིས་རྒན་མོ་སྒྲོལ་མ་ཚེ་རིང་ཁེར་རྐྱང་དུ་སྡོད་པ་དང་གཟུགས་པོའི་གནས་ཚུལ་དམིགས་བསལ་ཡིན་པར་བསམ་བློ་བཏང་ནས་ཁོང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག སྐབས་དེ་དུས་ལོ་60སླེབས་པའི་ཁོང་གིས་དུད་ཚང་དབུལ་པོའི་གྲས་ལ་འཛུལ་རྒྱུ་ཁས་མི་བླངས་པ་མ་ཟད། དུད་ཚང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་ཡིག་ཀྱང་ཐེངས་མང་བསྐྱལ་ནས་གོ་སྐབས་དགོས་མཁོ་དེ་བས་ཆེ་བའི་མི་ལ་སྤྲོད་རོགས་ཞེས་རེ་བའང་ཞུས།
          རྒན་མོར་ཕྱིས་འབྱུང་རྒན་གསོའི་སྐོར་ལ་སེམས་ཁྲལ་ཡོད་མེད་སྐོར་སྐད་ཆ་འདྲི་སྐབས་ཁོང་གིས“ད་ཆ་ང་ལ་གཏན་འཇགས་ཀྱི་ཡོང་འབབ་ཡོད་པས། ཚེ་མཇུག་ལ་སེམས་ཁྲལ་བྱེད་དགོས་མི་འདུག སླད་ཕྱིན་ཏང་དང་སྲིད་གཞུང་གིས་ད་དུང་སྲིད་ཇུས་བཟང་པོ་སྔར་ལས་མང་བ་འདོན་ངེས་ཡིན་པའི་ཡིད་ཆེས་ཡོད། ང་ཚོའི་མེས་རྒྱལ་སྔར་བས་འབྱོར་ཕྱུག་ལྡན་པ་དང་རྒྱལ་ཡོངས་སུ་ང་དང་འདྲ་བའི་རྒན་རྒོན་རྣམས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པའི་རེ་བ་ཡོད”ཅེས་ལན་དེ་ལྟར་བཏབ།
          དཀའ་བ་སྤྱད་པའི་ལྟོ་དེ་ལྷག་པར་ཞིམ་ཞེས་པའི་དཔེ་ལྟར། ད་ཆ་རྒན་མོ་སྒྲོལ་མ་ཚེ་རིང་གི་འབོད་སྐུལ་འོག་ཤར་གསིང་མ་གྲོང་རྡལ་དུ་རང་མོས་ངང་དུད་ཚང་དབུལ་པོ་ནས་ཕྱིར་འཐེན་བྱེད་འདོད་བྱེད་མཁན་མང་པོ་ཡོད་པ་དང་ཁོང་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག་རང་ཉིད་ཀྱིས་འབད་བརྩོན་བྱས་ན་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་ཐུབ་ནས་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ་ངེས་ཡིན་པའི་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།