འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ཕྱིར་འཐེན་དང་ཟླ་སྒྲིལ་བཏང་བའི་རྐྱེན་གྱིས་སློབ་
    མ་སློབ་གྲྭར་སྐྱོད་དཀའ་བའམ་སློབ་མཚམས་ཆད་པའི་གནས་ཚུལ་གཏན་ནས་མ་ཐོན་པ་
    བྱེད་དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་གི་《གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ(མི་100མི་ལོངས་པའི་གྲོང་ཚོའི་སློབ་ཆུང་དང་སློབ་ཁྲིད་བྱ་ཡུལ)ཕྱིར་འཐེན་དང་ཟླ་སྒྲིལ་བཏང་བའི་རྐྱེན་གྱིས་སློབ་མ་སློབ་གྲྭར་སྐྱོད་དཀའ་བའམ་སློབ་མཚམས་ཆད་པའི་གནས་ཚུལ་གཏན་ནས་མ་ཐོན་པ་བྱེད་དགོས་ཞེས་བརྗོད་པ་རེད།
         སློབ་གསོ་པུའི་བསྡོམས་རྩིས་ལྟར་ན། 2017ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ཁྲི་10.7ཡོད་པའི་ནང་སློབ་ཆུང་ཁྲི་2.7དང་སློབ་ཁྲིད་བྱ་ཡུལ་ཁྲི་8ཡོད་པ་དེས་གྲོང་གསེབ་སློབ་ཆུང་དང་སློབ་ཁྲིད་བྱ་ཡུལ་སྤྱི་འབོར་གྱི་44.4%བཟུང་བ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་384.7ཡོད་པ་དེས་གྲོང་གསེབ་སློབ་ཆུང་སློབ་མའི་སྤྱི་འབོར་གྱི་5.8%བཟུང་ཡོད་པ་རེད།
         ཡོངས་བསྒྲགས་ཚོགས་འདུའི་ཐོག་འགན་འཁུར་བ་དེས་ལོ་རྒྱུས་དང་ས་ཁམས་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་གྱི་བཀག་རྒྱའི་དབང་གིས་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ནི་སྔར་བཞིན་རང་རྒྱལ་གྱི་འོས་འགན་སློབ་གསོའི་ཞན་ཆ་ཡིན། 《མཛུབ་ཁྲིད་བསམ་འཆར་》ནང་གྲོང་གསེབ་ཀྱི་སློབ་གྲྭའི་འཆར་འགོད་བཀོད་པ་ལེགས་སྒྱུར་གྱིས་ཚན་རིག་དང་མཐུན་པའི་ངང་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་བཙུགས་ནས་སློབ་མ་ཉེ་སར་སློབ་གྲྭར་སྐྱོད་པ་དང་འོས་འགན་སློབ་གསོ་ཡག་པོ་དང་ལེན་གྱི་འབྲེལ་བ་ཐག་གཅོད་གང་ལེགས་བྱ་རྒྱུའི་བླང་བྱ་བཏོན་ཡོད། གཞི་ཁྱོན་ཆུང་བའི་སློབ་གྲྭ་ཕྱིར་འཐེན་དང་ཟླ་སྒྲིལ་གཏོང་བ་དང་འབྲེལ་བ་ཡོད་རིགས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་པའི་གཏན་འཁེལ་བྱེད་དགོས་ནའང་། “ཚན་རིག་དང་མཐུན་པའི་དཔྱད་དཔོག་དང་། སོར་འཇོག་བྱེད་དགོས་རིགས་ངེས་པར་དུ་སོར་འཇོག་བྱེད་པ། སྔོན་ལ་བསྐྲུན་ནས་རྗེས་སུ་ཕྱིར་འཐེན། བརྟན་པོ་ཧུར་ཐག”བཅས་ཀྱི་རྩ་དོན་ལྟར་ཁོང་དུ་ནན་པོ་ཆུད་པ་བྱེད་དགོས། སློབ་གྲྭ་ཕྱིར་འཐེན་དང་ཟླ་སྒྲིལ་གཏོང་རྒྱུར་རྩ་དོན་ཐད་སློབ་ཁུངས་ཧ་ཅང་ཉུང་བའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ཁོ་ནར་དམིགས་རྒྱུ་མ་ཟད་འོས་འཚམ་གྱི་བར་བརྒལ་དུས་མཚམས་དགོས་པ་དང་སློབ་མའི་ཡོང་ཁུངས་ཀྱི་གནས་ཚུལ་ལ་གཞིགས་ཏེ་སླར་ཡང་དགོས་ངེས་ཀྱི་ལེགས་སྒྲིག་བྱེད་དགོས་ཞེས་བཤད།
         “སློབ་གྲྭའི་བཀོད་པ་ལུགས་མཐུན་མིན་པའི་རྐྱེན་གྱིས་སློབ་མ་སློབ་གྲྭར་སྐྱོད་དཀའ་བའམ་སློབ་མཚམས་འཇོག་པ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། འདི་ནི་ལས་ཀའི་ཁྲོད་ཀྱི་མཐའ་ཚད་བླང་བྱ་ཡིན”ཞེས་འགན་འཁུར་བ་དེས་བརྗོད་ཅིང་། གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ཕྱིར་འཐེན་དང་ཟླ་སྒྲིལ་གཏོང་བར་ཕྱིར་འཐེན་ཟླ་སྒྲིལ་གྱི་ཇུས་གཞི་བཟོ་བ་དང་། རིགས་པས་ཁུངས་སྐྱེལ། སྤྱི་བསྒྲགས་སོགས་ཀྱི་གོ་རིམ་ལག་བསྟར་ནན་པོ་བྱ་རྒྱུ་མ་ཟད། སློབ་མ་དང་ཁྱིམ་བདག་གི་བསམ་བློའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ཕྱིར་འཐེན་དང་ཟླ་སྒྲིལ་བཏང་བའི་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ཡུལ་དེ་གའི་སློབ་མའི་ཡོང་ཁུངས་ཇེ་མང་དུ་སོང་བ་སོགས་ཀྱི་རྒྱུ་རྐྱེན་ལས་དངོས་འབྲེལ་སློབ་གཉེར་སླར་གསོ་བྱེད་དགོས་རིགས་ལ་གོ་རིམ་ལྟར་སླར་གསོ་བྱེད་དགོས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།