འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཚོ་ལྷོ་ཀྲོའུ་ཡི་གྲངས་གཞི་ཆེ་མོའི་བཀོལ་སྤྱོད་ལས་སྟེགས་ཀྱིས་དེང་རབས་སྣོད་
    བཅུད་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ཚུན། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས“གཞི་གྲངས་གསལ་བ་དང་། གནས་ཚུལ་གསལ་བ། གནད་དོན་ཡང་དག་པ། བྱེད་ཐབས་དངོས་ཡིན་པ། ཕན་འབྲས་བཟང་བ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། འཚོལ་བསྡུ་དང་། ཞིབ་དཔྱད་ཚད་ལེན། མཉམ་སྤྱོད། དབྱེ་ཞིབ། སྔོན་དཔག སྔོན་བརྡ། ཐབས་ཇུས་བཅས་གཅིག་ཏུ་བསྡུས་པའི་ཞིང་འབྲོག་ལས་ཀྱི་གྲངས་གཞི་ཆེ་མོའི་ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་ལས་སྟེགས་བསྐྲུན་པ་དང་དེང་རབས་ཅན་གྱི་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་དང་། གཉེར་སྐྱོང་། འགྲོ་རྒྱུག་བཅས་ཀྱི་མ་ལག་མགྱོགས་མྱུར་བསྐྲུན་ནས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དང་དེང་རབས་སྣོད་བཅུད་ཞིང་འབྲོག་ལས་མགྱོགས་མྱུར་སྐྲུན་ཆེད་དམ་འཛིན་བྱ་གཞི་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྲུབས་མེད་འབྲེལ་མཐུད་ཀྱི་ལྡིར་སོའི་བརྙན་ལམ་དྲ་རྒྱ་དང་གྲངས་གཞི་འཚོལ་བསྡུའི་མ་ལག་བརྒྱུད་ནས་ཀྲོའུ་དེ་ཡོངས་ཀྱི་འབྲོག་ཁུལ་གྱི་ཐོན་སྐྱེད་རྟེན་གཞིར་ཉིན་གང་གི་ཆ་འཕྲིན་འཚོལ་བསྡུ་དང་བརྙན་ལམ་ལྟ་སྐུལ་ཚོད་འཛིན་གྱི་ཐག་གཅོད་བྱེད་ཐབས་མཁོ་འདོན་བྱས་ཏེ་མཚོ་ལྷོ་ཀྲོའུ་ཡི་ཞིང་འབྲེལ་སྒྲིག་གཞིའི་དོ་དམ་མ་ལག་གི་རེ་བ་བསྐང་བའི་རྒྱང་ཁྲིད་གྲངས་གཞི་འཚོལ་བསྡུ་དང་ལྟ་སྐུལ་ཚོད་འཛིན་མ་ལག་བཙུགས་པ་དང་། ཐོན་སྐྱེད་སྒྲིག་ཆས་ཚོད་འཛིན་ཡོ་ཆས་དང་མ་ལག་གི་ལྟེ་བའི་ཞབས་ཞུའི་ཡོ་ཆས་དབར་གྱི་གྲངས་གཞིའི་འཕྲིན་གཏོང་སྦྲེལ་ལམ་བརྒྱུད། ཐོན་སྐྱེད་ཁོར་ཡུག་གི་ཆ་འཕྲིན་དཔྱད་གྲངས་ལ་རྩིས་རྒྱག་དབྱེ་ཞིབ་དང་མ་ལག་གམ་ཡང་ན་རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་པ་བརྒྱུད་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ཀྱི་ཐོན་སྐྱེད་བཀའ་བཀོད་གྲུབ་པ་བྱས་པ། འཕྲིན་གཏོང་སྦྲེལ་ལམ་སྒྲིག་ཆས་ཀྱི་ཚོད་འཛིན་ཡོ་ཆས་ནང་བཅུག་པ་བརྒྱུད། ཞིང་འབྲོག་ཐོན་ལས་ཀྱི་སྣོད་བཅུད་སྐྱེ་འཚར་གྱི་ཁོར་ཡུག་བཟང་ཤོས་སུ་སླེབས་པ་བྱས་པ། གྲངས་གཞི་ཆེ་མོའི་དབྱེ་ཞིབ་དང་GISཡི་ས་བཀྲ་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད་རིམ་ཁག་ཞིང་འབྲོག་ཐོན་སྐྱེད་དོ་དམ་སྡེ་ཚན་ལ་ཁུལ་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་དང་དེ་བཞིན་ལྟ་སྐུལ་དོ་དམ་སྟོན་སའི་GISདོ་དམ་ཚོད་འཛིན་ལས་སྟེགས་མཁོ་འདོན་བྱས་ཡོད་པ་རེད།
          དུས་མཚུངས་ཞིང་འབྲོག་ལས་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་མ་ལག་བསྐྲུན་ནས་གཙོ་བོ་འབྲོག་ཁུལ་གྱི་ཐོན་སྐྱེད་བྱེད་པོ་དང་ཞིང་དུད་ལ་སྲིད་ཇུས་ཁྲིམས་སྲོལ་དང་། ཐོན་སྐྱེད་མཛུབ་ཁྲིད། སྤུས་རྟགས་དྲིལ་བསྒྲགས། རིགས་གཅིག་མཁས་ཅན་གྱི་ཤེས་བྱའི་མཛོད། དྲ་ཐོག་ཚོང་ལས་ཞབས་ཞུའི་ལས་སྟེགས་སོགས་ཀྱི་ནང་དོན་མཁོ་འདོན་བྱས་ཡོད། ཞིང་ལས་སློབ་གླིང་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་ལས་ཐོན་སྐྱེད་ནང་དམིགས་བསལ་ལྡན་པའི་སྣ་ཁ་ལས་གྲུབ་པའི་ནད་འབུའི་གནོད་འཚེ་ནད་དཔྱད་དང་འགོག་བཅོས་ཀྱི་ཤེས་བྱའི་མཛོད་ལ་དམིགས་ཏེ་རིགས་ཁག་གི་སྤྱོད་མཁན་ལ་ནད་དཔྱད་ཞབས་ཞུ་དང་ནད་འབུའི་གནོད་འཚེ་ཤེས་བྱ་ཀུན་འདུས་འདྲི་རྩད་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།