འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་
    ཆེན་པོ་བྱེད་རིང་། ཐོན་ལས་གསར་པ་དང་། ལག་རྩལ་གསར་པ། ལས་རྣམ་གསར་པ་
    བཅས་འཕེལ་རྒྱས་གཏོང་རྒྱུར་སྦྲེལ་མཐུད་དམ་ཟབ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་09ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཐེན་ཅིན་དུ་འཚོག་བཞིན་པའི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེན་པོའི་ཐོག་ནས་ཤེས་རྟོགས་བྱུང་བར། སྐབས་འདིའི་འགྲན་བསྡུར་ཆེན་པོའི་ཐོག་ཐོན་ལས་གསར་པ་དང་། ལག་རྩལ་གསར་པ། ལས་རྣམ་གསར་པ་བཅས་འཕེལ་རྒྱས་གཏོང་རྒྱུར་སྦྲེལ་མཐུད་དམ་ཟབ་བྱས་པ་དང་། འགྲན་བསྡུར་རྣམ་གྲངས་རིག་ནུས་བཟོ་སྐྲུན་དང་། རྩེར་སོན་སྒྲིག་ཆས། ཆ་འཕྲིན་ལག་རྩལ། ནུས་རྒྱུ་གསར་པ་སོགས་དང་འབྲེལ་བ་ཡོད་པ་རེད།
         རྒྱལ་ཡོངས་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེན་པོ་ནི་སློབ་གསོ་པུས་སྤེལ་བ་དང་ཆབས་ཅིག སྣེ་ཁྲིད་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་ལས་རིགས་དང་། མི་དམངས་ཚོགས་པ། རིག་གཞུང་ཚོགས་པ། ས་གནས་བཅས་ཀྱིས་མཉམ་དུ་སྤེལ་བའི་སྤྱི་ཕན་རང་བཞིན་དང་རྒྱལ་ཡོངས་རང་བཞིན་གྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི་སློབ་མའི་ཕྱོགས་བསྡུས་རྩལ་ནུས་ཀྱི་འགྲན་བསྡུར་བྱེད་སྒོ་ཞིག་ཡིན་པ་དེ་ལོ་ལྟར་སྐབས་རེ་གཉེར་གྱི་ཡོད་པ་དང་། ཐེན་ཅིན་ནི་འགྲན་བསྡུར་ཆེན་པོ་ཡུན་རིང་གཉེར་ཡུལ་དང་འགྲན་ཁུལ་གཙོ་བོ་ཞིག་རེད།
         སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་ཆེན་པོ་ནི་རང་རྒྱལ་གྱི་ལས་རིགས་སློབ་གསོའི་ལས་དོན་གྱི་ལམ་ལུགས་འཆར་འགོད་དང་གསར་གཏོད་གལ་ཆེན་གྱི་གྲས་ཤིག་རེད། སྐབས་11བསྟུད་མར་སྤེལ་ཚུན། འགྲན་བསྡུར་ཆེན་པོའི་ཐོག་ངལ་རྩོལ་གཟི་བརྗིད་དང་། རྩལ་ནུས་རྩ་ཆེན། རླབས་ཆེན་གསར་གཏོད་བཅས་ཀྱི་དུས་རབས་ཀྱི་གོམས་སྲོལ་དར་སྤེལ་བཏང་བ་དང་། མི་ཚང་མ་འཇོན་ཐང་ཅན་དུ་འགྱུར་བ་དང་མི་ཚང་མས་འཇོན་ཐང་ངོམ་པའི་ཁོར་ཡུག་བཟང་པོ་གཏོད་རོགས་བྱེད་པ་དང་བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་དང་རྩལ་ནུས་ཀྱི་ཤེས་ལྡན་པ་དུང་ཕྱུར་དུ་མ་གསོ་སྐྱོང་བྱེད་རོགས་བྱས་ནས་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
         ཐེན་ཅིན་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལུའི་ཅིང་ཆོན་གྱིས། ལག་རྩལ་རིམ་སྤོར་ཐད་དགོས་མཁོ་གང་ཡོད་པ་དེ་འགྲན་བསྡུར་བྱེད་པ་དང་ཐོན་ལས་འཕོ་འགྱུར་ཐད་དགོས་མཁོ་གང་ཡོད་པ་དེ་འགྲན་བསྡུར་བྱེད་དགོས། དཔེར་ན། 2008ལོར། སྒུལ་བརྙན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་སོང་ནས་འགུལ་རིས་གློག་བརྙན་བཟོ་རྩལ་གྱི་འགྲན་བསྡུར་རྣམ་གྲངས་འགྲན་ཆེན་ཐོག་སྤེལ་བ་དང་། 2011ལོར། བཟའ་བཅའི་བདེ་འཇགས་ཐད་དམངས་ཡོངས་ཀྱིས་དོ་ཁུར་ཆེན་པོ་བྱས་པར་བརྟེན་ལོ་འདིའི་འགྲན་བསྡུར་ཆེན་པོའི་ཐོག་གྲོང་གསར་ནད་འགོག་དང་དུག་སྲིན་འགོག་སྨན་གྱི་ཞིབ་དཔྱད་གཏན་འཁེལ་གྱི་འགྲན་བསྡུར་རྣམ་གྲངས་གསར་དུ་བསྣན་པ། སྤྱི་དམངས་ཀྱིས“སྨུག་རྡུལ”དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དོ་ཁུར་བྱེད་པ་དང་ཆབས་ཅིག རླུང་ཁམས་ཆེ་མོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་། བཅོས་སྐྱོང་ལག་རྩལ། ཆུའི་ཁོར་ཡུག་ཞིབ་དཔྱད་ལག་རྩལ་བཅས་འགྲན་བསྡུར་རྣམ་གྲངས་གསར་པར་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།