༄༅།།ཕྱི་འབྲེལ་པུས་ཕུའུ་ཅིང་གིས་ཨུ་རུ་སུའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 05ཚེས་09ཉིན། 10:36】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)
མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཕུའུ་ཅིང་གིས་ཨུ་རུ་སུའི་ཙུང་ཐུང་གི་འགན་དངོས་སུ་བཞེས་རྒྱུ་ཡིན་པས་སྔོན་ལ་རྟེན་འབྲེལ་ཞུ་རྒྱུ་དང་སྦྲགས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་སྣེ་ཁྲིད་འོག་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་འགྲོ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་ལམ་བུ་དེ་བས་ཇེ་ཡངས་སུ་འགྲོ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀེང་ཧྲོང་གིས“ཆུ་ཚོད་གཉིས་ཕྱིན་རྗེས་ཨུ་རུ་སུས་ཙུང་ཐུང་གི་འགན་བཞེས་མཛད་སྒོ་འཚོག་རྒྱུ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཙུང་ཐུང་ཕུའུ་ཅིང་གིས་འགན་བཞེས་པར་སྔོན་ལ་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན”ཞེས་གསུངས་པ་རེད།
ཁོང་གིས་དེ་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་ཕུའུ་ཅིང་གིས་ཙུང་ཐུང་གི་འགན་མུ་མཐུད་བཞེས་པར་རྟེན་འབྲེལ་ཞུས་གནང་ཡོད། ཙུང་ཐུང་ཕུའུ་ཅིང་གི་འགོ་ཁྲིད་འོག་ཨུ་རུ་སུའི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཀེང་ཧྲོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གི་འཐབ་ཇུས་སྣེ་ཁྲིད་དང་སྐུ་ངོ་མའི་སྐུལ་སྤེལ་འོག་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ནས་མིག་སྔར་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཕྱོགས་གཉིས་པོའི་རིམ་པ་ཁག་དབར་འགྲོ་འོང་མང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རིམ་བདེ་བླག་བྱུང་བ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་སྲ་བརྟན་དང་ཆེ་རུ་སོང་བ་བཅས་ཀྱི་ཐོག་ནས་ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དུས་ཐོག་ཏུ་བསམ་འཆར་བརྗེ་རེས་བྱས་ཏེ་ཕྱོགས་མང་ལམ་སྲོལ་ནང་མཐུན་སྦྱོར་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་ཐུབ་སྟེ་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
ཨུ་རུ་སུའི་ཙུང་ཐུང་གི་འགན་བཞེས་མཛད་སྒོ་ཚེས་7ཉིན་སྤེལ་རྒྱུའི་ཐག་བཅད་པ་དང་། ད་ལྟ་ཙུང་ཐུང་ཡིན་པའི་ཕུའུ་ཅིང་གིས་ཙུང་ཐུང་གི་འགན་ཐེངས་བཞི་པ་དེ་བཞེས་རྒྱུ་ཡིན་པ་རེད།