འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གཞོན་ནུ་ས་བབ་མཐོ་བའི་གངས་ཤུད་རི་འཛེག་ནང་ཐོག་མར་ཞུགས་པས་རྒྱལ་སྤྱིའི་
    རིགས་གཅིག་མཁས་ཅན་གྱི་ཁས་ལེན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཀྱི་གངས་ཤུད་རི་འཛེག་ལུས་རྩལ་པ་ནོར་སྟོད་རི་བོའི་ས་བབ་མཐོ་བའི་སྦྱོང་བརྡར་མཇུག་འགྲིལ་ནས་ལྷ་སར་ལོག་པ་རེད། ད་རེས་ཀྱི་སྦྱོང་བརྡར་ནང་ཧྥ་རན་སེའི་རི་འཛེག་ལུས་རྩལ་གྱི་རིགས་གཅིག་མཁས་ཅན་སྣེ་ཤན་པ་ཀའོ་ཉིང་གདན་དྲངས་ཏེ་རུ་མིར་མཛུབ་ཁྲིད་བྱས་ཤིང་། སླད་ཕྱིན་བོད་ཀྱིས་རྒྱལ་སྤྱིའི་མཉམ་ལས་འབྲེལ་ལམ་སྔར་བས་མང་བར་བརྟེན་ནས་གངས་འཁྱགས་ལུས་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་རེད།
         རུ་མི་8ཉིན་གཉིས་ཀྱི་སྦྱོང་བརྡར་ནང་ཞུགས་ཤིང་། དེའི་ཁྲོད་མི་6ནི་རྣམ་གྲངས་གཞན་དག་ནས་བསྡུས་མ་ཐག་པའི་གཞོན་ནུ་ལོ་ཆུང་ཡིན་ལ་གངས་ཤུད་རི་འཛེག་ཐད་སྤྱིར་ན“རྨང་གཞི་གང་ཡང་མེད” རུ་མི་དེ་དག་ལ་ས་བབ་མཐོ་བར་འཕྲོད་པའི་སྦྱོང་བརྡར་དང་རི་འཛེག་རྒྱུན་ཤེས་ཀྱི་གསོ་སྦྱོང་བྱས་པ་དང་འབྲེལ། མཐོ་ཚད་སྨི་5200ནས་5800དབར་གྱི་མར་ཤུད་དང་ཡར་སྐྱོད་ཀྱི་སྦྱོང་བརྡར་ཡང་བྱས་པ་རེད། 2018ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་གི་ལེགས་སྐྱེས་འགྲན་བསྡུར་གྱི་བར་ཐག་ཐུང་བའི་འགྲན་བསྡུར་གྱི་བུད་མེད་དར་མའི་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་མཁན་སྐལ་བཟང་ཆོས་སྒྲོན་ཡང་སྦྱོང་བརྡར་ནང་ཞུགས་པ་རེད།
         ཀའོ་ཉིང་གིས་ན་གཞོན་ལུས་རྩལ་པར་བསྔགས་བརྗོད་བྱས་ཤིང་། ཁོང་གིས། བོད་ལྗོངས་ཀྱི་བདམས་ཐོན་པར་ས་བབ་མཐོ་བ་དང་གངས་བབ་ལ་འཕྲོད་ནུས་ཆེ་ཁར་ཁྱད་དུ་འཕགས་པའི་སྡུག་རུས་ཀྱང་ཡོད་པས། བར་ཐག་རིང་བའི་ཕྱི་རོལ་རྣམ་གྲངས་ནང་འདི་ནི་ལེགས་ཆ་ཆེན་པོ་ཡིན་པའི་ངོས་འཛིན་བྱས་པ་རེད།
         རྒྱལ་སྤྱིའི་མཐོ་རིའི་སྣེ་ཤན་པ་ཡིན་པའི་ཀའོ་ཉིང་གིས་དེ་སྔོན་བོད་ཀྱི་རི་འཛེག་སློབ་གྲྭ་ཐོག་མར་འཛུགས་སྐབས་སློབ་གྲྭ་དེའི་ཕྱི་རྒྱལ་སྐད་ཡིག་གི་དགེ་རྒན་བྱས་མྱོང་། ཧྥ་རན་སེའི་རྒྱལ་བཙུགས་རི་འཛེག་གངས་ཤུད་སློབ་གྲྭས་ཀྱང་བོད་ཀྱི་རི་འཛེག་སློབ་གྲྭ་དང་ཡུན་རིང་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་བོད་རང་གི་རི་འཛེག་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་པ་རེད།
         2017ལོའི་ཟླ་7པར། གངས་ཤུད་རི་འཛེག་དེ་2020ལོའི་བློ་བཟང་དགུན་དུས་ན་གཞོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ནང་དངོས་སུ་བཅུག་པ་རེད། ད་ལོའི་ཟླ་3པར་གྲོལ་བའི་2018ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་གི་ལེགས་སྐྱེས་འགྲན་བསྡུར་ནང་། ཚེ་རིང་དགྲ་འདུལ་དང་ཅི་ལུའུ་ལུའུ་ལ་གཞོན་ནུ་ཚོགས་ཆུང་གི་སྐྱེས་པ་དང་བུད་མེད་ཀྱི་བྱ་དགའ་ཨང་དང་པོ་སོ་སོར་རག་སྟེ་ཀྲུང་གོའི་རུ་ཁག་ལ་བློ་བཟང་དགུན་དུས་ན་གཞོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྤ་སེ་གཉིས་རག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།