འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རང་བྱུང་ཐོན་ཁུངས་པུས་འཛམ་གླིང་གི་སའི་གོ་ལའི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། 

    རྒྱལ་ཡོངས་ཀྱི་ས་གཤིས་དཔྱད་གཞི་བེད་སྤྱོད་ཀྱི་འགྲན་བསྡུར་ཆེ་མོ་སྐབས་དང་པོ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་24ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན་ནི་འཛམ་གླིང་གི་སའི་གོ་ལའི་ཉིན་མོ་ཐེངས་49པ་ཡིན་ལ་རང་བྱུང་ཐོན་ཁུངས་པུའུ་བཙུགས་རྗེས་ཀྱི་སའི་གོ་ལའི་ཉིན་མོ་ཐེངས་དང་པོའང་རེད། འདི་ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“རང་བྱུང་ཐོན་ཁུངས་ལ་གཅེས་སྤྲས་ཀྱིས་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ས་ཆ་སྲུང་སྐྱོང་བྱེད། ང་ཚོའི་སའི་གོ་ལའི་གཏམ་རྒྱུད་ཡག་པོ་བརྗོད”ཅེས་པ་དེ་ཡིན་པ་རེད། རང་བྱུང་ཐོན་ཁུངས་པུས་ཧྲེ་ཅན་ཧྲེང་སོགས་རིགས་གཅིག་མཁས་ཅན་10གདན་ཞུ་བྱས་ཏེ་དབུ་བཞུགས་ཚན་རིག་ཁྱབ་སྤེལ་རིགས་གཅིག་མཁས་ཅན་ཁག་གཉིས་པར་གཏན་འཁེལ་བྱས་པ་དང་《ས་ཁམས་རིག་པ་ཧ་ཅང་ཡག་པོ་འདུག་》ཅེས་པ་སོགས་དཔེ་དེབ་རིགས་38ལ་2018ལོའི་ཕུལ་བྱུང་ཚན་རིག་ཁྱབ་གདལ་དཔེ་དེབ་ཀྱི་མཚན་སྙན་སྤྲད་པ་རེད།
         རྒྱལ་ཡོངས་ཀྱི་ས་གཤིས་དཔྱད་གཞིའི་གྲངས་གཞི་གསར་གཏོད་དང་བེད་སྤྱོད་ཀྱི་འགྲན་བསྡུར་ཆེ་མོ་སྐབས་དང་པོ་སྤེལ་འགོ་ཚུགས་པ་རེད། འགྲན་བསྡུར་ཆེ་མོའི་ཐོག་ས་གཤིས་དཔྱད་གཞིའི་གྲངས་གཞི་རྨང་གཞིར་བྱས་ཏེ་གྲངས་གཞི་སྣ་ཚོགས་མཉམ་བསྲེས་ཀྱི་རྣམ་པའི་ཐོག་ནས་འགྲན་བསྡུར་ནང་ཞུགས་པའི་བརྩམས་ཆོས་རིགས་དབྱེ་ནས་བྱ་དགའ་སྤྲོད་རྒྱུའི་དཔྱད་བསྡུར་བྱེད་ཐབས་བརྒྱུད་གསར་གཏོད་ཀྱི་རང་བཞིན་ཤུགས་ཆེ་བ་དང་སྤྱོད་གོ་ཆོད་པའི་བརྩམས་ཆོས་ལེགས་འདེམས་བྱས་ཏེ་ཡོངས་བསྒྲགས་ཐོག་འགྲེམས་སྟོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ས་གཤིས་དཔྱད་གཞི་བེད་སྤྱོད་རྒྱ་ཁྱབ་ཐུབ་རྒྱུར་སྐུལ་མ་བཏང་ནས་ས་གཤིས་ཞབས་ཞུའི་གསར་གཏོད་གྲུབ་འབྲས་ལ་ཤུགས་རྐྱེན་ཕོག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། འགོ་ཚུགས་མཛད་སྒོ་བར་འགྲན་བསྡུར་ཆེ་མོས་རྒྱལ་ཡོངས་ཀྱི་ས་གཤིས་རིགས་དང་འབྲེལ་བ་ཡོད་པའི་མཐོ་སློབ་20ཡི་ཡིད་དབང་བཀུག་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས་མིག་སྔར་ལོ་རྒྱུས་ལས་གྲུབ་པའི་ས་གཤིས་དཔྱད་གཞིའི་གྲངས་གཞི་ཅན་གྱི་ལས་དོན་སྟོང་ཕྲག་མང་པོ་ལེགས་གྲུབ་ཟིན་ནས་གྲངས་གཞི་ཅན་ལ་གྱུར་ཚད་99%ལས་བརྒལ་ཏེ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ནས་ཨ་རི་དང་དབྱིན་ཇི་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ལས་བརྒལ་ཏེ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། གོམ་སྟབས་རྗེས་མར་རང་བྱུང་ཐོན་ཁུངས་པུས་ས་གཤིས་དཔྱད་གཞི་མཉམ་སྤྱོད་ཀྱི་ཞབས་ཞུའི་ཐོན་རྫས་གསར་པ་གསར་སྤེལ་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ་མ་ཟད། ལྷག་དོན་དུ་དྲ་བའི་ཞབས་ཞུའི་ཁྲོད་གྲངས་གཞི་ཅན་གྱི་ས་གཤིས་དཔྱད་གཞིའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ་ས་གཤིས་དཔྱད་གཞི་གྲངས་གཞི་ཅན་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་མ་ཐེབས་ཏེ་ས་རིག་གི་གྲུབ་འབྲས་མགྱོགས་མྱུར་ཕྱོགས་སྒྱུར་ཐུབ་པ་བྱ་རྒྱུ་རེད།
         རང་བྱུང་ཐོན་ཁུངས་ཀྱི་ཚན་རིག་ཁྱབ་གདལ་མ་ལག་བསྐྲུན་ནས་སྤྱི་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ཚན་རིག་ཁྱབ་གདལ་གྱི་དགོས་མཁོ་སྐོང་ཆེད། ས་གཞི་ཆེ་མོའི་དཔེ་སྐྲུན་ཁང་གི་སྨྱན་སྦྱོར་ཚོགས་པ་དང་། ཀྲུང་གོ་ས་གཤིས་རྟེན་རྫས་བཤམས་མཛོད་ཁང་། ཀྲུང་གོ་ས་གཤིས་དཔེ་མཛོད་ཁང་བཅས་ཀྱིས་མཉམ་དུ་རང་བྱུང་ཐོན་ཁུངས་ཀྱི་ཚན་རིག་ཁྱབ་གདལ་ཐོན་ལས་མནའ་འབྲེལ་བཙུགས་ཏེ་མནའ་འབྲེལ་གྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་སྐོང་འཐེན་གྱིས་ཐུན་མོང་ཐོག་རང་བྱུང་ཐོན་ཁུངས་ལས་རིགས་ཀྱི་མ་ལག་ཚན་རིག་ཁྱབ་གདལ་ཐོན་ཁུངས་གསར་སྤེལ་ནང་ཞུགས་ཏེ་སྤྱི་ཕན་རང་བཞིན་གྱི་ཚན་རིག་ཁྱབ་གདལ་བྱ་གཞག་དང་གཉེར་སྐྱོང་རང་བཞིན་གྱི་ཚན་རིག་ཁྱབ་གདལ་ཐོན་ལས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་མ་བཏང་ཐོག་རང་བྱུང་ཐོན་ཁུངས་ཀྱི་ཚན་རིག་ཁྱབ་གདལ་གྱི་ཐོན་ལས་སྦྲེལ་ཐག་ཆ་ཚང་གཏོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།