འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལའི་ཡིག་སྒྱུར་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 12:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་པའི“2018ལོའི་ནེ་པ་ལའི་ཡིག་སྒྱུར་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ”ཉིན་ཤས་གོང་པེ་ཅིང་དུ་སློབ་འགོ་ཚུགས་པ་རེད། དེ་ནི་དར་གོས་ལམ་བུའི་དཔེ་དེབ་འདུ་འགོད་ཨེ་ཤེ་ཡ་ཤར་ལྷོའི་སྐད་རིགས་ཆུང་ངུའི་ཡིག་སྒྱུར་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུར་ཕྱོགས་པའི་རྣམ་གྲངས་ཀྱི་དུས་ཐེངས་གསུམ་པའི་གསོ་སྦྱོང་འཛིན་གྲྭ་ཞིག་རེད། རྣམ་གྲངས་དེས་འབར་མའི་སྐད་ཡིག་དང་ཐེ་ལན་གྱི་སྐད་ཡིག་ཡིག་སྒྱུར་དཔེ་སྐྲུན་ཤེས་ལྡན་མི་སྣ་60ལྷག་གསོ་སྦྱོང་བྱས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་བསྡུས་པའི་སློབ་མ་གཙོ་བོ་ནི་ཀྲུང་གོའི་རིག་གནས་ལ་དགའ་པོ་ཡོད་པའི་ནེ་པ་ལའི་དཔེ་སྐྲུན་བ་དང་། སྨྱན་སྦྱོར་བ། ཀྲུང་གོར་ཡོད་པའི་ཕྱི་སྦྱོང་སློབ་མ་བཅས་ཡིན་པ་མ་ཟད། རྒྱལ་ནང་གི་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་དང་སྐད་རིགས་དེའི་དཔེ་སྐྲུན་ཡིག་སྒྱུར་བྱེད་མཁན་ལའང་སློབ་ཡོན་མི་དགོས་པར་གསོ་སྦྱོང་བྱས་པ་རེད།
         གསོ་སྦྱོང་འཛིན་གྲྭ་ཟླ་4ཚེས་13ཉིན་སློབ་འགོ་ཚུགས་ཚུན་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ཀྱི་གནས་སྟངས་དང་། ཀྲུང་གོའི་སྲོལ་རྒྱུན་རིག་གནས། ཨེ་ཤེ་ཡ་ལྷོ་མའི་རིག་གནས་སོགས་ཐད་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་འཛིན་གྲྭས་སློབ་མ་ཚོ་གླིང་ལྔའི་བརྒྱུད་སྤེལ་དཔེ་སྐྲུན་ཁང་དང་ཀྲུང་གོ་མི་དམངས་སློབ་ཆེན་དཔེ་སྐྲུན་ཁང་སོགས“ཕྱིར་སྐྱོད་པའི”གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་དཔེ་སྐྲུན་ཚན་པར་ཡུལ་དངོས་སུ་བརྟག་ཞིབ་དང་། སློབ་སྦྱོང་། སྤེལ་རེས་བཅས་བྱ་རྒྱུ་སྒྲིག་འཛུགས་བྱས་པ་རེད།
         དར་གོས་ལམ་བུའི་དཔེ་དེབ་འདུ་འགོད་ནི་ཨེ་ཤེ་ཡ་ཤར་ལྷོའི་སྐད་རིགས་ཆུང་ངུ་ཡིག་སྒྱུར་བྱེད་མཁན་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུར་ཕྱོགས་པའི་རྣམ་གྲངས་ཤིག་ཡིན་པ་དང་དེའི་དམིགས་ཡུལ་ནི་ཨེ་ཤེ་ཡ་ཤར་ལྷོའི་སྐད་རིགས་ཆུང་ངུའི་ཡིག་སྒྱུར་ཕུལ་བྱུང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་ཀྲུང་ཕྱིའི་ཡིག་སྒྱུར་དང་དཔེ་སྐྲུན་ཤེས་ལྡན་མི་སྣའི་དབར་སྤེལ་རེས་དང་སློབ་སྦྱོང་བྱ་རྒྱུར་སྐུལ་མ་བཏང་སྟེ་སྐད་རིགས་ཆུང་ངུའི་ཡིག་སྒྱུར་ཤེས་ལྡན་མི་སྣས་ཀྲུང་གོའི་དཔེ་སྐྲུན་ལས་རིགས་ལ་ཤེས་རྟོགས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོའི་དཔེ་སྐྲུན་བྱ་གཞག་ལ་ཞབས་འདེགས་ཞུ་མཁན་ཕུལ་བྱུང་གི་ཡིག་སྒྱུར་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་ཀྲུང་གོ་དང་དར་གོས་ལམ་བུའི་རྒྱལ་ཁབ་དབར་མཉམ་ལས་དང་སྤེལ་རེས་བྱ་རྒྱུར་སྦྲེལ་ཟམ་འཛུགས་རྒྱུ་དེ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།