འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ལོའི་ལྕགས་ལམ་གྱིས་ལོ་སིའི་རི་ཁུལ་གྱི་རྣམ་པར་འགྱུར་ལྡོག་གསར་པ་བཏང་བ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཅན་ཧྭ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་བཞི་པའི་ཟླ་དཀྱིལ་གྱི་ལོ་སིར། ཚ་གདུག་བཟོད་དཀའ་ལ་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཡོད། ས་གནས་དེ་གའི་དུས་སྟོན་ཆེ་ཤོས་ཆུ་རྩེད་དུས་ཆེན་དང་ཏག་ཏག་འཁེལ་བས། ལོ་སིའི་བྱང་རྒྱུད་ཀྱི་གྲོང་ཚོ་དང་གྲོང་རྡལ་དུ་མི་སེར་ཚོ་ཆུ་རྩེད་ལ་རོལ་བཞིན་འདུག ཡིན་ནའང་གྲོང་ཚོ་དང་གྲོང་རྡལ་ཕྱི་རོལ་དུ་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་འཛུགས་སྐྲུན་ལས་ཡུལ་གྱི་བཟོ་པ་ཚོ་ཚ་ཚ་འུར་འུར་ངང་ལས་ལ་བྲེལ་བཞིན་མཆིས།
         “ང་ཚོས་དུས་འགོར་མི་མེད་ལུང་སྟོང་དུ་སྟབས་བདེའི་ལམ་བཟོས་ནས་གནས་སྐབས་གློག་སྒྲོམ་སྒྲིག་པར་དུས་ཚོད་མང་པོ་འགོར་ཡོད། ད་ཆ་མ་དངུལ་མང་ཙམ་གཏོང་དགོས་པ་དང་། ལྷག་དོན་དུ་འདི་ལོའི་ཆར་དུས་སུ་ཨར་ལས་བྱེད་སྐབས་ཆ་རྐྱེན་བསྐྲུན་དགོས”ཞེས་ཀྲུང་གོ་ལྕགས་ལམ་ཅུས་བརྒྱད་པའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཤ་ཧྥ་པའོ་ཡིས་དེ་ལྟར་བཤད། ཀྲུང་གོ་ལྕགས་ལམ་ཅུས་བརྒྱད་པས་འགན་འཁུར་བའི་ཀྲུང་ལོ་ལྕགས་ལམ་གྱི་འཛུགས་སྐྲུན་ལམ་དུམ་གསུམ་པའི་རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་59ཡོད་པ་དེར་ཕུག་ལམ་15དང་ཟམ་པ་28ཡོད་ཅིང་། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་ནི་82.3%ཡིན་པ་རེད། “རྒྱུ་ཆ་དབོར་འདྲེན་དཀའ་ལ་ཕུག་ལམ་གྱི་ས་གཤིས་ཧ་ཅང་རྙོག་འཛིང་ཆེ་བས་ལས་འགན་ཛ་དྲག་ལ་དཀའ་ཚེགས་ཆེན་པོ་རེད་ཅེས་བརྗོད་ཆོག”
         ཤ་ཧྥ་པའོ་ཡིས་ཟླ་རེའི་ནང་གསུམ་ཆ་གཅིག་གི་དུས་ཚོད་སྤྱད་དེ་ཀྲུང་ལོ་ལྕགས་ལམ་རྣམ་གྲངས་ཀྱི་ལས་ཡུལ་ཐོག་སྐྱོད་དགོས་ཀྱི་ཡོད། ཚེས་13ཉིན་གྱི་དགོང་མོ་ཁོང་གིས་མེ་ཀུང་གཙང་པོའི་རི་ཁུལ་བྱང་མའི་ས་ཕུག་ནས་དགོང་མོའི་ཆུ་ཚོད་བརྒྱད་པར་གཞི་ནས་ལས་མཇུག་འགྲིལ་ཏེ་ཁ་ལག་ཟ་བར་ཡོང་། ཕྱི་ཉིན་ཞོགས་པ་སྔ་པོར་ཁོང་སླར་ཡང་མེ་ཀུང་གཙང་པོའི་འགྲམ་གྱི་ལས་ཡུལ་དུ་ཐོན་པ་དང་། པན་ན་ཧན་མེ་ཀུང་གཙང་པོའི་ཆེས་ཆེའི་ཟམ་ཆེན་གྱི་ལས་གྲྭའི་གནས་ཚུལ་ལ་བལྟས་རྗེས། གྲུ་བསྡད་དེ་མེ་ཀུང་གཙང་པོའི་ཕྱེད་གླིང་གི་ཕུག་ལམ་གཞན་དག་གི་ཨར་ལས་གནས་ཚུལ་ལ་ལྟ་བར་བསྐྱོད།
         “རྣམ་གྲངས་པུའུ་གནས་སའི་ཧུའེ་ཧྥུའུ་ལའེ་གྲོང་ཚོའི་ཚུན་ཀྲང་གིས་ཕྱིས་སུ་ལྕགས་ལམ་བཟོས་རྗེས་རྒྱལ་ས་ཝན་ཐེན་དུ་འགྲོ་རྒྱུར་སྟབས་བདེ་ཡོང་རྒྱུ་རེད་ལ། ཀྲུང་གོར་འགྲོ་རྒྱུར་ཡང་ལས་སླ་པོ་རེད་ཅེས་ང་ལ་བརྗོད་བྱུང”ཞེས་ཀྲུང་གོ་ལྕགས་ལམ་ཅུས་བརྒྱད་པའི་ཡན་ལག་པུའུ་དང་པོའི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཀུང་སུའུ་ཀྲུང་གིས་གསར་འགོད་པར་བརྗོད་བྱུང་། ཡན་ལག་པུའུ་དང་པོས་མེ་ཀུང་གཙང་པོའི་ཕྱེད་གླིང་བྱང་ངོས་ཀྱི་སྤྱི་ལེ་22.2ཀྱི་ལམ་དུམ་འཛུགས་སྐྲུན་གྱི་འགན་འཁུར་བཞིན་ཡོད་པ་དང་ཀྲུང་ལོ་ལྕགས་ལམ་ལས་ཡུལ་གྱི་སྟབས་བདེའི་ལམ་བསྐྲུན་པས། ལམ་རྒྱུད་གྲོང་ཚོར་ཕྱི་ཕྱོགས་སུ་བསྐྱོད་པའི་འགྲོ་ལམ་བདེ་པོ་ཞིག་ཐོག་མར་བྱུང་ཡོད།
         ཚེས་13ཉིན་ལྕགས་ལམ་ལས་ཡུལ་གྱི་སྟབས་བདེའི་ལམ་རྒྱུད་རི་གྲོང་གི་མི་ཚང་ཁག་གཅིག་གི་སྒོ་རྩར་སྦག་སྦག་དང་ཟོག་འདྲེན་རླངས་འཁོར་ཆུང་ཆུང་བཞག་ཡོད་པ་གསར་འགོད་པས་མཐོང་བྱུང་། “དེ་སྔ་འདི་གར་གཞུང་ལམ་མེད་པས་རླངས་འཁོར་མང་ཆེ་བ་ཉོས་མ་ཐག་རེད”ཅེས་ཀུང་སུའུ་ཀྲུང་གིས་བཤད། པན་ན་ཧན་གྲོང་ཚོའི་ཚུན་ཀྲང་སུའུ་ཐུང་གིས་ཟམ་མདོའི་ལས་ཡུལ་གྱི་འཁྲིས་སུ་ཟ་ཁང་ཞིག་གཉེར་བ་དང་། དེས་ཨར་ལས་རུ་ཁག་དང་ཕར་འགྲོ་ཚུར་འོང་བྱེད་མཁན་མགྲོན་པོར་སྣེ་ལེན་ཞུ་ཡི་ཡོད། ཀྲང་སུའུ་ཐུང་གིས“ད་ལྟ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཕྱིས་སུ་ལྕགས་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པས། དེ་གར་ཡུལ་སྐོར་བྱེད་མཁན་མང་དུ་འགྲོ་རྒྱུ་ཡིན་སྟབས། ངས་སྤྲོ་གསེང་གྲོང་ཚོ་གཉེར་རྩིས་ཡོད”ཅེས་བཤད།
         ཀྲུང་ལོ་ལྕགས་ལམ་གྱི་མེ་ཀུང་གཙང་པོའི་ཆེས་ཆེའི་ཟམ་ཆེན་བསྐྲུན་རྗེས་ཕྱེད་གླིང་གི་མི་སེར་ལ་ཕན་པ་ཐོབ་རྒྱུ་རེད། ད་ཆ་ཀྲུང་གོ་ལྕགས་ལམ་ཅུས་བརྒྱད་པས་ཕྱེད་གླིང་གི་ལྷོ་བྱང་གཉིས་སུ་གྲུ་ཁ་བསྐྲུན་ཡོད་པ་དང་། གྲོང་མི་ཚོས་བདལ་གླ་སྤྲོད་མི་དགོས་པར་ཀྲུང་གོ་ལྕགས་ལམ་ཅུས་བརྒྱད་པའི་ལས་ཡུལ་གྱི་ལས་སྒྲུབ་གྲུའི་ནང་བསྐྱོད་ཆོག སྤྱི་ལེ་50ཡོད་པའི་ལྕགས་ལམ་ལས་ཡུལ་གྱི་སྟབས་བདེའི་ལམ་ཕྱེད་གླིང་ཡོངས་སུ་ཤར་གཏོང་ཐུབ་པས། རི་གྲོང་གི་གྲོང་མི་ཚོས་ལ་ཀླུང་རྒྱག་སྐབས་སྔོན་ཆད་ལྟར་དཀའ་བ་ཚད་མེད་མྱོང་དགོས་མེད།
        ཀྲུང་ལོ་ལྕགས་ལམ་ནི་ཀྲུང་ལོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་མི་སྣའི་ཐབས་ཇུས་ལ་སྐུལ་འདེད་བཏང་བའི་འཐབ་ཇུས་གལ་ཆེན་གྱི་མཉམ་ལས་རྣམ་གྲངས་ཤིག་དང་། ཀྲུང་ལོ་རྒྱལ་ཁབ་གཉིས་དབར་སྦྲེལ་མཐུད་བྱེད་པའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག ཨེ་ཤེ་ཡ་སྐམ་ས་ཆེ་མོ་ཧྲིལ་པོར་ཤར་གཏོང་ཐུབ་པའི་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་བཅས་ཡིན། ལྕགས་ལམ་དེའི་བྱང་སྣེ་ཀྲུང་ལོ་མཐའ་མཚམས་ནས་ལྷོ་སྣེ་ལོ་སིའི་རྒྱལ་ས་ཝན་ཐེན་བར་ཡིན་པ་རེད། ལམ་ཐིག་ཧྲིལ་པོར་ཀྲུང་གོའི་ལག་རྩལ་གྱི་ཚད་གཞི་དང་ཀྲུང་གོའི་སྒྲིག་ཆས་སྤྱད་དེ། 2016ལོའི་ཟླ་12པར་ལམ་ཐིག་ཧྲིལ་པོའི་ལས་འགོ་བཙུགས་ཡོད། ལམ་ཐིག་ཧྲིལ་པོར་སྤྱི་ལེ་414ཟིན་པ་དང་འཛུགས་སྐྲུན་ལས་ཡུན་ཁྱོན་ལོ་ལྔ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།