༄༅།།"ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་གྲོང་གསེབ་དར་རྒྱས་ཨུ་ལྷན"བཙུགས་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 04ཚེས་19ཉིན། 12:58】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)
མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་གྲོང་གསེབ་དར་རྒྱས་ཨུ་ལྷན་འཛུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ་རེད།
ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་དང་ཆིང་ཧྭ་སློབ་ཆེན་སྤྱི་ཚོགས་རིག་པའི་ཚན་ཁག་སོགས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཐུན་མོང་ཐོག་གྲོས་འགོ་བཏོན་ནས“ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་གྲོང་གསེབ་དར་རྒྱས་ཨུ་ལྷན”བཙུགས་ཤིང་། ཨུ་ལྷན་གྱིས་སྲིད་གཞུང་སྡེ་ཚན་དང་། ཁེ་ལས། དགེ་སྒྲུབ་རྩ་འཛུགས། ཞིབ་འཇུག་ལས་ཁུངས། དངུལ་རྩའི་སྒྲིག་གཞི་བཅས་བྱེད་པོ་སྣ་མང་གི་རྒྱལ་མཚམས་སྒྲོལ་བའི་མཉམ་ལས་ལས་སྟེགས་བསྐྲུན་རྒྱུར་གཞོལ་ཏེ་གྲོང་གསེབ་ཀྱི་ཕྱོགས་ཡོངས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་དང་། རིག་གཞུང་དང་དགེ་སྒྲུབ་ཐོན་ཁུངས་ཀྱི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་། མཉམ་ལས་བྱེད་སྟངས་འཚོལ་ཞིབ། ལག་ལེན་ལས་དོན་གྱི་གདེང་འཇོག་ཚད་གཞི་བཟོ་རྒྱུ་བཅས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་བྱ་གཞག་ཆེད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡག་པོ་འདིང་རྒྱུ་དང་། ཚན་རྩལ་དང་དངུལ་རྩ་སོགས་ཁྲོམ་རའི་ཐོན་ཁུངས་ཀྱི་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཐོན་ལས་ཀྱི་གསོན་ཤུགས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ། སློབ་གསོའི་ཐོན་ཁུངས་ནང་འདྲེན་དང་མཉམ་སྤྱོད་སློབ་གསོའི་བསམ་གཞིར་གཞིགས་ཏེ་དངོས་ཚན་སློབ་གསོ་དང་དྲ་རྒྱའི་སློབ་ཁང་སོགས་བྱ་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
“ཆིང་ཧྭ་སློབ་ཆེན་གྲོང་གསེབ་དར་རྒྱས་བྱ་སྤྱོད་སྤེལ་མཁན་གྱི་གླེང་སྟེགས”ཀྱང་ཉིན་ཤས་གོང་པེ་ཅིང་དུ་འཚོགས་པ་དང་། གླེང་སྟེགས་དེ་ཆིང་ཧྭ་སློབ་ཆེན་སྤྱི་ཚོགས་རིག་པའི་ཚན་ཁག་དང་། ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས། པེ་ཅིང་ཆུན་ཞུའེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་འཕེལ་རྒྱས་ཞིབ་འཇུག་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།