འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།“ཐིང་རིམ་པའི་དཔོན་པོ”ལི་ཁྲོན་ཞིའི“གྲོང་དཔོན”གྱི་འཚོ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         “གྲོང་དཔོན་ལས་བྱེད་པར་སྣང་ཆུང་བྱ་མི་རུང”
         ཉེ་བའི་ལོ་གཅིག་རིང་། ཨན་ཧུའེ་ལྷོ་ནུབ་ཀྱི་འབྲི་ཆུའི་འགྲམ་གྱི་སི་ཀོ་གྲོང་ཚོར“ཐིང་རིམ་པའི་དཔོན་པོ”ཞིག“གྲོང་དཔོན”ལ་བསྐྱོད་ནས་ཁ་ཁུ་སིམ་པའི་གྲོང་ཚོ་ཆུང་ངུ་དེ་འཁྲུག་ཆ་དོད་དུ་སོང་།
         “གློག་སྒྲོན”བསྒར་བའི་གྲོང་ཚོ་དབུལ་པོ།
         སི་ཀོ་གྲོང་ཚོ་ནི་ཨན་ཧུའེ་ཞིང་ཆེན་ཨན་ཆིང་གྲོང་ཁྱེར་ཝང་ཅང་རྫོང་ཧྭ་དབྱང་གྲོང་རྡལ་དུ་གནས་ཤིང་། ཝང་ཅང་རྫོང་ནི་ཏ་པེ་ཧྲན་རི་རྒྱུད་ཀྱི་ཤིན་ཏུ་དབུལ་བའི་ཡུག་སྦྲེལ་རྫོང་ཞིག་རེད། ལོ་5ཡི་གོང་། སི་ཀོ་གྲོང་ཚོ་ནི་ཉེ་རིང་ཀུན་ལ་སྐད་གྲགས་ཆོད་པའི“ཆུང་མ་ལེན་དཀའ་བའི་གྲོང་ཚོ”ཞིག་ཡིན་ལ་ཉེ་འཁོར་གྲོང་ཚོའི་བུ་མོ་རྣམས་ཀྱིས་ཀྱང་སི་ཀོ་གྲོང་ཚོར་བག་མར་སོང་ན་མཚན་མོར་གློག་སྒྲོན་ཡང་མེད་ཅེས་མི་འདོད་པའི་རྣམ་འགྱུར་སྟོན་གྱི་ཡོད།
         “དེ་སྔོན་མཚན་མོ་རྒྱང་ནས་བལྟས་ན། ང་ཚོའི་གྲོང་ཚོ་ཡོངས་ནག་ཐིང་ངེར་གནས་ཡོད”ཅེས་གྲོང་མི་ཉི་ཝང་ཅིན་གྱིས་བཤད་ཅིང་། ཁོང་གིས། ལོ་མང་རིང་། གྲོང་ཚོར་ལམ་སྒྲོན་མེད་པས་ཉི་མ་ནུབ་རྗེས་གྲོང་མི་ཕལ་ཆེ་བ་སྔ་ས་ནས་ཁྱིམ་དུ་ལོག་ནས་ཉལ་གྱི་ཡོད། “ན་ནིང་ཧྲུའུ་ཅི་ལི་ལགས་ཕེབས་རྗེས་ང་ཚོའི་གྲོང་ཚོར་དཀར་གསལ་གློག་སྒྲོན་ཡོད”ཅེས་བཤད།
         ཉི་ཝང་ཅིན་གྱིས་བརྗོད་པའི་ཧྲུའུ་ཅི་ལི་ལགས་ཟེར་བ་ནི་ཨན་ཧུའེ་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་སྐོར་གཟིགས་པ་གཞོན་པ་སི་ཀོ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་ལི་ཁྲོན་ཞི་རེད། 2017ལོའི་ཟླ་4པར། ལི་ཁྲོན་ཞིས་ཨན་ཧུའེ་ཞིང་ཨུད་རྩ་འཛུགས་པུས་ལས་བྱེད་པ་གྲོང་ཚོར་ཧྲུའུ་ཅི་དང་པོའི་འགན་འཁུར་བར་གཏོང་བའི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་རང་འགུལ་ངང་མིང་ཐོ་བཀོད་རྗེས་ལས་གྲོགས་གཞན་གཉིས་ལས་གྲུབ་པའི་དབུལ་སྐྱོར་ལས་དོན་རུ་ཁག་གྲོང་ཚོར་བསྐྱོད།
         ཁ་རྒྱུན་ལ། “གྲོང་དཔོན་ལས་བྱེད་པར་སྣང་ཆུང་བྱ་མི་རུང”ཟེར་ནའང་། སྔོན་ཆད་སི་ཀོ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་གྲོང་དཔོན་ལ་དངོས་འབྲེལ“སྣང་ཆུང”བྱེད་ཀྱི་ཡོད།
         “མི་སེར་གྱི་མིག་ཧ་ཅང་རྣོ་པོ་ཡོད། ‘དཔོན་པོ’ཁྱོད་ཀྱིས་སྣེ་ཁྲིད་ནས་ཚང་མའི་འཚོ་བ་ཡག་ཏུ་འགྲོ་ཐུབ་བམ། གྲོང་ཚོར་བློ་གཅིག་སེམས་གཅིག་གིས་ལས་ལ་གཞོལ་ཐུབ་བམ། དེ་ལྟར་ཐུབ་ན་ང་ཚོས་ཁྱེད་རང་ང་ཚོའི‘དཔོན་པོར’བརྩི་བ་དང་། དེ་མིན་ན་ང་ཚོས‘དཔོན་པོ’ཁྱེད་ལ་ཁ་ཡ་བྱེད་མི་སྲིད”ཅེས་ཉི་ཝང་ཅིན་གྱིས་དགོད་བཞིན་དྲང་གཏམ་བཤད།
         “གོང་རིམ་ནས་ཕེབས་པའི་དཔོན་པོ‘ཆེ’ནའང་། གྲོང་གསེབ་ཀྱི་གནས་ཚུལ་ངོ་མ་ཤེས་སམ། མང་ཚོགས་དང་འབྲེལ་འདྲིས་བྱ་ཐུབ་བམ། དཀའ་སྡུག་བཟོད་ནུས་སམ”ཞེས་ལོ་57ལ་སོན་པའི་ཏང་ཡོན་རྒན་གྲས་ཀྲོའུ་ཅེ་ཡོན་གྱིས་ཕྱིར་དྲན་བྱེད་བཞིན་བཤད། ཁོང་གིས། བསམ་ཡུལ་ལས་འདས་པ་ཞིག་ལ་ཞིང་ཆེན་ནས་ཕེབས་པའི་ལས་དོན་རུ་ཁག་དེར་གྲོང་མི་རྣམས་ཀྱི་ལྟ་ཚུལ་གྱུར་སོང་ཞེས་བཤད།
         ལི་ཁྲོན་ཞི་གྲོང་ཚོར་འབྱོར་རྗེས། ཚང་མའི་ཁས་ལེན་ཐོབ་པའི་དོན་དག་ཅིག་ནི་ཐབས་བརྒྱ་ཇུས་སྟོང་ངང་རྣམ་གྲངས་རེ་ཞུ་བྱས་ཏེ་དུད་ཁྱིམ་རེར་ཉི་འོད་ནུས་པའི་འོད་ཤུགས་གློག་ཚིགས་རེ་བསྐྲུན་ཡོད། རྨང་གཞི་དེའི་ཐོག་དུད་ཁྱིམ་རེའི་སྒོ་འགྲམ་དུ་ལམ་སྒྲོན་བསྒར་བས་མཚན་མོར་གྲལ་འགྲིག་པའི་གློག་འོད་འཚེར། གྲོང་མི་མང་པོ་སྔ་རྗེས་སུ་གྲོང་ཚོ་དང་ཐག་མི་རིང་བའི་གསར་སྤེལ་ཁུལ་དུ་ལས་ཀ་བྱེད་འགོ་ཚུགས་པ་དང་། ལས་ཐག་བཅད་ནས་མཚན་མོར་ཕྱིར་ལོག་སྐབས་ལམ་དུ་བློ་བདེ་ལ་སྣང་བ་སྐྱིད་པ་མ་ཟད། ཚང་མའི་སེམས་ཀྱང“ཇེ་གསལ”དུ་གྱུར།
         “གློག་སྒྲོན”ནི་བརྡ་རྟགས་ཤིག་དང་འདྲ་བར་གྲོང་ཚོ“འཁྲུག་ཆ”དོད་དུ་དང་འགྱུར་ལྡོག་ཆེ་རུ་སོང་།
         ཐིང་རིམ་པའི་དཔོན་པོ་དང་གྲོང་སྡེའི“རྫས་འགྱུར་གྱི་འགྱུར་འབྱུང”
         “ཁོང་གིས་སྔོན་ཆད་ཀྱི་ལས་ཀའི་ཉམས་མྱོང་དང་མིག་རྒྱང་ལ་བརྟེན་ནས་གྲོང་ཚོར་གསར་རྙེད་མ་ཐུབ་པའི‘གཏེར་ཁ’མང་པོ་བསྔོགས་ཡོད”ཅེས་སི་ཀོ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ལིའུ་ཀྲུང་ལིན་གྱིས་དཔེ་དྲངས་ནས་བརྗོད། དེ་སྔ་གྲོང་ཚོའི་བྱང་ཕྱོགས་ཀྱི་རྒྱལ་ལམ་འཁྲིས་སུ་ས་སྟོང་ཞིག་ཡོད་པས་ཧྲུའུ་ཅི་ལི་ལགས་ཀྱིས་ཚང་མ་ཁྲིད་ནས་སྐོར་བ་ཞིག་བརྒྱབ་རྗེས། འགྲིམ་འགྲུལ་གཞུང་ལམ་ལ་ཕྱོགས་པའི་བརྡ་ཁྱབ་བྱང་བུ་གཉིས་བསླངས་ཏེ་ཕྱི་ཕྱོགས་ནས་ཚོང་འགུགས་བྱས་ན་ལོ་རེར་གྲོང་ཚོར་ཡོང་འབབ་སྒོར་ཁྲི་8རག་རྒྱུ་དང་། གྲོང་སྟོད་ཀྱི་ས་སྟོང་མུའུ་400ཙམ་ཡོད་པར་སྟར་ག་འདེབས་མཁན་དུད་ཚང་ནང་འདྲེན་བྱ་རྒྱུའི་ཐབས་བཏོན།
         འོད་ཤུགས་གློག་འདོན་གྱི་རྣམ་གྲངས་དང་། སྟར་ག་ར་བ། ཤིང་འབྲས་ར་བ། གསོ་ཚགས་དབུལ་སྐྱོར་ཐོན་ལས་རྟེན་གཞི་སོགས་སི་ཀོ་གྲོང་ཚོས་ཐོན་ལས་རྣམ་གྲངས་ཀྱི་སྐུལ་ཁྲིད་ལ་བརྟེན་ནས་བདེ་བླག་ངང་དབུལ་སྒྲོལ་ཐུབ་པར་བརྟེན། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་རིམ་གྱིས་སྟོབས་ཆེར་སོང་བ་དང་ཨར་འདམ་ལམ་བུ“དུད་ཚང་ཀུན་ཁྱབ”ཁར་ལུས་སྦྱོང་ཐང་ཆེན་དང་རིག་གནས་དགའ་ཚལ་ཡང་བསྐྲུན་པ་རེད།
         གྲོང་ཚོའི་མི་སེར་གྱིས། “ཐིང་རིམ་པའི་དཔོན་པོ”ནས“གྲོང་ཚོའི་དཔོན་པོ”བྱེད་རིང་། ལི་ཁྲོན་ཞིས་ཉམས་མྱོང་དང་མིག་རྒྱང་མི་འདྲ་བར་བརྟེན་ནས་གྲོང་ཚོའི་འཕེལ་རྒྱས་ལ་བསམ་ཕྱོགས་གསར་པ་དང་འགྱུར་ལྡོག་གསར་པ་སྦྱིན་ཡོད། “གྲོང་དཔོན་གྱི་གོ་ས་ཆུང་ནའང་། གྲོང་དཔོན་ལས་བྱེད་པར་སྣང་ཆུང་བྱ་མི་རུང་། དཀའ་ངལ་མང་པོ་ཐག་གཅོད་གནང་མཁན་ལས་བྱེད་པ་འདི་འདྲ་ང་ཚོས་ཁས་ལེན་བྱེད་ཀྱི་ཡིན”ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
         མཐའ་མཇུག་གི་ས་ཚིགས་དང་ཐོག་མའི“བསམ་འདུན”
         1992ལོར་ལི་ཁྲོན་ཞི་སློབ་ཆེན་ཐོན་རྗེས་ཨན་ཧུའེ་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ཞིབ་འཇུག་ཁང་དུ་ལས་བགོས་བྱས། གཞུང་ལས་ཁང་དུ“ཐིང་རིམ་པ་གཞོན་པའི”བར་ལས་ཀ་ལོ་25བྱས། གཞན་གྱིས་བལྟས་ན“དཔོན་པོ”ཆགས་པར་ཧ་ཅང་ལམ་ལྷོངས་བྱུང་བས“བློ་བདེ་སོས་དལ་ངང་རྒན་ཡོལ་ཞུ་རྒྱུར་སྒུག་ཆོག”སྙམ་གྱི་ཡོད།
         འོན་ཀྱང་ལོ་མང་རིང་ལས་ཀ་བྱས་རྗེས། ལི་ཁྲོན་ཞི་ལ་ཤོད་མི་ཤེས་པའི་གནོང་འགྱོད་ཅིག་ཡོད་པ་ནི་གྲོང་གསེབ་ལ་བརྩེ་བ་ཟབ་པའི་ཞིབ་འཇུག་པ་ཞིག་གི་ངོས་ནས་གྲོང་གསེབ་ཏུ་ལས་ཀ་བྱེད་མྱོང་མེད། ཞིང་ཆེན་ནས་གཏོང་སྐབས་གཞི་ནས་ཁོང་ལ་གོ་སྐབས་རག
         2017ལོའི་ཟླ་4པར། ལི་ཁྲོན་ཞི་དང་བཅས་པ་གྲོང་ཚོར་འབྱོར་རྗེས་གྲོང་ཚོའི་གང་སར་བསྐྱོད་ནས་གྲོང་མི་རེ་རེར་བཅར་འདྲི་བྱས་ཁར་དབུལ་སྐྱོར་སྲིད་ཇུས་ངོ་སྤྲོད་ཡང་ཡང་བྱས།
         གྲོང་ཚོར་འབྱོར་བ་ནས་བཟུང་། ལི་ཁྲོན་ཞིའི་ལག་ཐོགས་ཁ་པར་གྱི་འགུལ་སྐྱོད་གོམ་གྲངས་ཉིན་ལྟར་ཉུང་མཐར་ཡང་ཁྲི་2ཟིན་ཞིང་། ཁང་པའི་ཕྱི་རོལ་གྱི་གྱང་རྩིག་ཟུར་དུ་ལས་དོན་རུ་ཁག་གི་བློ་མཐུན་ཚོས་གྱོན་ནས་ལྷམ་མཐིལ་རལ་བའི་ལྷམ་གོག་སྤུངས་ཡོད་པ་ལས་ཁོང་ཚོས་གྲོང་ཚོའི་གང་སར་བསྐྱོད་པ་མཚོན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།