འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་དུ་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཉམས་
    གསོའི་ལས་གྲྭ་ཁག་གསར་པའི་འགོ་ཚུགས་མཛད་སྒོ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་6ཉིན། དྭངས་གསལ་དུས་ཚིགས་ཀྱི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་རྣམ་པ་ཧ་ཅང་ཟབ་པའི་སྐབས་དང་འཁེལ་བས་ཀྲུང་ཁྲའོ་ཕྱོགས་གཉིས་ཀྱིས་ཁྲའོ་ཞན་གྱི་ཕོང་དབྱང་གྲོང་ཁྱེར་གྱི་ཅང་ཏུང་ཅུན་དུ་ཅང་ཏུང་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཉམས་གསོའི་ལས་གྲྭའི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་འཚོགས་ཏེ་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཉམས་གསོའི་ལས་གྲྭ་ཁག་གསར་པ་ཞིག་འགོ་བཙུགས་ནས་ཁྲའོ་ཞན་དུ་པུར་འཇུག་བྱས་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་ལྷག་བསམ་དཀར་བའི་བླ་སྲོག་ལ་སེམས་གསོ་ཞུ་རྒྱུ་དང་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་དང་སེམས་ལ་བརྟན་པོར་ངེས་རྒྱུ་རེད།
         སྔ་དྲོའི་ཆུ་ཚོད་10པ་ཏག་ཏག་ལ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་དམག་དཔུང་སོགས་སྡེ་ཚན་ལས་གྲུབ་པའི་ཀྲུང་གོ་མི་དམངས་ཀྱི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་གཟེངས་བསྟོད་ལས་དོན་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས་དང་། ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་འགོ་ཁྲིད་དང་ཁོངས་མིའི་འཐུས་ཚབ། ཁྲའོ་ཞན་དུ་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྒྲིག་ཆས་སྲུང་སྐྱོང་དོ་དམ་ལས་དོན་ཚོགས་ཆུང་དང་ལེའོ་ཉིང་ཞིང་ཆེན་དང་ཏན་ཏུང་གྲོང་ཁྱེར་གྱི་དང་བླངས་དམག་གི་འཐབ་འཛིང་པ་རྒན་གྲས་དང་སྔོན་གཤེགས་དཔའ་བོའི་ནང་མིའི་དུར་འཕྱག་འཐུས་མི་ཚོགས་པ། ཀྲུང་གོ་ཕྱོགས་ཀྱི་ཨར་སྐྲུན་ཚན་པའི་འཐུས་མི་དང་དེ་བཞིན་ཁྲའོ་ཞན་གྲོང་ཁྱེར་གཉེར་སྐྱོང་ཧྲེང་། ཁྲའོ་ཞན་དུ་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྒྲིག་ཆས་སྲུང་སྐྱོང་དོ་དམ་མཉམ་འབྲེལ་བཀོད་འདོམས་པུའུ། ཅང་ཏུང་ཅུན་མི་དམངས་ཨུ་ཡོན་ལྷན་ཁང་། བཅའ་སྡོད་དམག་དཔུང་དང་ལས་རིགས་ཁག་གི་འཐུས་མི་བཅས་མི་བརྒྱ་ལྷག་ཙམ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་མདུན་དུ་རུ་སྟར་གྲུ་བཞི་བསྒྲིགས་ནས་གུས་སྟབས་ཀྱིས་ལངས་ཡོད་པ་རེད།
         སྔོན་གཤེགས་དཔའ་བོར་བརྩེ་བ་ཟབ་མོ་འཆང་བའི་《མེ་ཏོག་འབུལ་བའི་རོལ་དབྱངས་》ཀྱི་འགྱུར་ཁུག་དང་བསྟུན་ནས་ཀྲུང་ཁྲའོ་ཕྱོགས་གཉིས་ཀྱི་འཐུས་མིས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་བ་རེད། ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅིང་ཅུན་དང་ཁྲའོ་ཞན་གྲོང་ཁྱེར་གཉེར་སྐྱོང་ཧྲེང་གི་བློན་ཆེན་གཞོན་པ་ཚུའེ་ཁྲེང་ཀྲེ་རྣམ་གཉིས་ཀྱིས་ཤིས་ཚིག་གསུང་སྐབས། ཁྲའོ་ཞན་དུ་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་ཉམས་གསོ་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཁྲའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་བློ་སྟོབས་བརྟན་པོ་ཞིག་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མཐོ་ཤོས་ཀྱི་བཀའ་མོལ་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཤིག ཀྲུང་ཁྲའོ་ཡི་མཛའ་བཤེས་རྒྱུན་འཛིན་དང་ཟབ་ཏུ་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་བཅས་ཡིན་པས། ཀྲུང་ཁྲའོ་ཕྱོགས་གཉིས་ཀྱིས་ངེས་པར་དུ་མཉམ་ལས་ཟབ་མོ་བྱས་ཏེ་ཉམས་གསོ་སྲུང་སྐྱོང་གི་ལས་དོན་ཐུན་མོང་ཐོག་ལག་ལེན་བསྟར་དགོས་ཞེས་ནན་བཤད་གནང་བ་རེད།
         ཆུ་ཚོད་བཅུ་དང་ཕྱེད་ཀར་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་གཟེངས་བསྟོད་ཀྱི་ལས་དོན་འཐུས་མི་ཚོགས་པའི་ཚོགས་གཙོ་ལི་ཀུའེ་ཀོང་གིས“ཀྲུང་གོ་མི་དམངས་དང་བླངས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཉམས་གསོའི་ལས་གྲྭ་དངོས་སུ་འགོ་ཚུགས་པའི”ཁྱབ་བསྒྲགས་བྱས་པ་དང་ཀྲུང་ཁྲའོ་ཕྱོགས་གཉིས་ཀྱི་སྐུ་མགྲོན་གྱིས་མཉམ་དུ་རྩིག་རྨང་བཏིང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་དུས་མཉམ་དུ་ལས་འགོ་བཙུགས་པའི་གྲས་སུ་ཕོང་དབྱང་གྲོང་ཁྱེར་ཧྲུན་ཨན་ཆུས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཚུད་ཡོད་པ་དང་། དེ་ནི་ཀྲུང་ཁྲའོ་ཕྱོགས་གཉིས་ཀྱིས་ཧུའེ་ཚང་དང་། ཁའེ་ཁྲེང་། ཨན་ཀྲོའུ་བཅས་ཀྱི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཉམས་གསོའི་ལས་གྲྭ་བསྐྲུན་རྗེས་ཀྱི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྒྲིག་ཆས་ཉམས་གསོའི་ལས་གྲྭ་ཁག་གསར་པ་ཞིག་རེད། ཕྱོགས་གཉིས་དབར་ཐུན་མོང་གི་ངོས་འཛིན་བྱུང་བ་གཞིར་བཟུང་། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་དུ་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྒྲིག་ཆས་སྲུང་སྐྱོང་དོ་དམ་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས། སྔོན་གཤེགས་དཔའ་བོར་གཟེངས་བསྟོད་དང་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བའི་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།