འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཡེ་མེན་གྱི་བྱིས་པར་མི་ཆོས་རིང་
    ལུགས་ཀྱི་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་(གཤམ་དུ་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཞེས་བསྡུ་རྒྱུ)ཀྱིས་ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་བརྗོད་དོན། ཡེ་མེན་གྱི་ནང་འཁྲུག་གིས་ཡུལ་དེ་གའི་བྱིས་པར་རྡུང་རྡེག་དྲག་པོ་ཕོག་ནས་ཡེ་མེན་གྱི་བྱིས་པ་ཁྲི་1100ལྷག་ཙམ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དགོས་གལ་ཆེན་པོ་ཡོད་པ་རེད།
         བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་དབུས་ཤར་ས་ཁུལ་དང་ཨ་ཧྥེ་རི་ཁ་བྱང་མའི་ཁུལ་གྱི་འགན་འཁུར་བ་ཧེའར་ཐེ·ཁ་ཕོ་ལའར་གྱིས་ཉེ་དུས་ཡེ་མེན་དུ་འཚམས་འདྲི་བྱས་པ་རེད། ཁོང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་2015ལོའི་ཟླ་གསུམ་པར་ནང་འཁྲུག་ཆེ་རུ་སོང་བ་ནས་བཟུང་ཉིན་ལྟར་ཆ་སྙོམས་བྱིས་པ་5དམག་འཁྲུག་ནང་འཆི་བའམ་ཡང་ན་རྨས་སྐྱོན་ཕོག་གི་ཡོད། “ད་ཆ་ཡེ་མེན་གྱི་བྱིས་པ་ཚང་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དགོས་གལ་ཆེན་པོ་ཡོད”ཅེས་བཤད་པ་རེད།
         བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་དོན། མིག་སྔར་ཡེ་མེན་དུ་བྱིས་པ་མང་ཆེ་བར་འཐུང་ཆུ་གཙང་མ་འཐུང་རྒྱུ་མེད་པའམ་ཡང་ན་སྤྱི་པའི་འཕྲོད་བསྟེན་ཆ་རྐྱེན་ཡག་པོ་མེད། ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན། ཡེ་མེན་གྱི་བྱིས་པ་ཁྲི་40ཙམ་ལ་འཚོ་བཅུད་གཏན་ནས་འདང་གི་མེད་པ་རེད། གཞན་ཡང་ཡེ་མེན་གྱི་བྱིས་པ་ཁྲི་200ཙམ་སློབ་མཚམས་ཆད་པ་དང་། དེའི་ཁྲོད་ཀྱི་བྱིས་པ་ཁྲི་50ཙམ་ནི་2015ལོའི་ཟླ་3པར་ནང་འཁྲུག་ཆེ་རུ་སོང་རྗེས་སྐྱེས་པ་ཞིག་རེད།
         བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་འགན་འཁུར་བས་བརྗོད་དོན། ཡེ་མེན་གྱི་བུ་མོ་བཞི་ཆ་གསུམ་ཙམ་ལོ་18གོང་ནས་གཉེན་སྒྲིག་བྱེད་ཀྱི་ཡོད། གཞན་ཡང་ཡེ་མེན་དུ་དུས་ཡུན་ལོ་ཕྱེད་ཙམ་རྒྱུན་མཐུད་ངང་ཁྱབ་པའི་བཤལ་ནད་མི་ཁྲི་100ལྷག་ཙམ་ལ་འགོས་པ་དང་། ལོ་15མན་གྱི་བྱིས་པར་བཤལ་ནད་ཕོག་པའི་བསྡུར་ཚད་40%བཟུང་བ་དང་འཆི་བའི་མི་གྲངས་ཀྱི་བཞི་ཆ་གཅིག་བཟུང་གི་ཡོད།
         ཡེ་མེན་དུ་རྒྱུན་མཐུད་ངང་དམག་འཁྲུག་ལངས་པས་ཆབ་སྲིད་ཀྱི་འཕེལ་རིམ་རང་སོར་ལུས་པ་དང་དཔལ་འབྱོར་ལ་ཉམས་རྒུད་ཆེན་པོ་བྱུང་ཡོད། འཚོ་བའི་མཁོ་ཆས་བཀག་སྡོམ་ཁུལ་དུ་གཏོང་ཐབས་བྲལ་བས་ཡེ་མེན་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཉིན་བཞིན་ཇེ་སྡུག་ཏུ་འགྲོ་གི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་2017ལོའི་ཟླ་དགུ་པར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་དོན། ཡེ་མེན་རྒྱལ་ཁབ་ཡོངས་ཀྱི་མི་ཁྲི་2000ལྷག་ཙམ་ལ་རོགས་སྐྱོར་ཧ་ཅང་མཁོ་བ་དང་། མི་ཁྲི་700ཙམ་བཀྲེས་ལྟོགས་ཀྱི་གནས་སུ་ལྷུང་ཉེན་ཆེ་བ། མི་ཁྲི་50ལྷག་ཙམ་ལ་བཤལ་ནད་ཕོག་ཡོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།