འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལོ་ཧྲིལ་པོའི་ཡུལ་སྐོར་ལས་གཉེར་བྱེད་འགོ་བཙུགས་པ། 

    ཁམ་བུའི་མེ་ཏོག་དུས་ཆེན་སྐབས“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་སྐྱོད་པའི”གོ་སྐབས་འཕྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་སྐབས“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་དུ་སྐྱོད་པའི”གོ་སྐབས་འཕྲད་ནས་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་ཡུལ་སྐོར་བ་དང་གྲོང་མི་འབོར་ཆེན་ཞིག་ཁམ་བུའི་མེ་ཏོག་ལ་མྱོང་རོལ་དུ་ཡོང་བའི་ཡིད་དབང་བཀུག་པ་དང་ཆབས་ཅིག ཁམ་བུའི་མེ་ཏོག་དུས་ཆེན་འགོ་འཛུགས་སུ་བྱས་ནས་བོད་ལྗོངས་ཀྱིས་ལོ་ཧྲིལ་པོའི་ཡུལ་སྐོར་ལས་གཉེར་བྱེད་འགོ་བཙུགས་པ་རེད།
          འདི་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་དེ“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་སྐྱོད་པའི”དམིགས་བསལ་གཟིགས་སྐྱོང་ལག་བསྟར་བྱེད་པའི་ལོ་དང་པོ་དེའི་རྗེས་སུ་སྙེག་ནས་བོད་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་ཚང་མས་2018ལོའི་ཟླ་2ཚེས་1ཉིན་ནས་ཟླ་4ཚེས་30ཉིན་བར་རིན་པ་མི་དགོས་པར་སྒོ་ཕྱེ་རྒྱུ་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་བྲག་གསུམ་མཚོ་དང་། ཡར་ཀླུང་གཙང་པོའི་རོང་ཆེན་ཡུལ་སྐོར་ཁུལ། ཀླུ་ནང་མཛེས་ལྗོངས་ཁུལ། གནས་ཡུལ་མཛེས་ལྗོངས་ཁུལ། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྟར་སྡོང་ཆེ་མོ་མཛེས་ལྗོངས་ཁུལ། ཉང་ཆུའི་བ་གམ་མཛེས་ལྗོངས་ཁུལ་སོགས་ཚུད་པའི་Aརིམ་པའི་མཛེས་ལྗོངས་ཁུལ་7ཚང་མ་རིན་མི་དགོས་པར་སྒོ་ཕྱེ་ཞིང་། ཉིང་ཁྲིའི་རྫོང(ཆུས)ཁག་ཏུ་ཡུལ་སྐོར་བ་མང་པོ་ཡོད་པ་དང་། རླངས་འཁོར་འཇོག་ས་དང་ཞག་སྡོད་བྱེད་ས་ཧ་ཅང་དཀོན་པོ་ཡོད་པ་རེད།
          མིག་སྔའི་བར། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ཐོག་ཡུལ་སྐོར་བ་མི་ཐེངས་ཁྲི་65.7ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་5.2བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་62%དང་57%ཁག་སོ་སོར་འཕར་ཡོད། ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྐུལ་ཁྲིད་འོག་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་ས་ཁུལ་དུའང་ཡུལ་སྐོར་མྱོང་རོལ་བྱེད་ཚད་ཇེ་མཐོར་ཕྱིན་ཡོད། བོད་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་རིམ་བཞིན་ཆགས་ནས་བོད་ཀྱི་ཡུལ་སྐོར་ལ“གང་མགྱོགས་དམིགས་སར་འབྱོར་རྒྱུ་དང་། ཡུལ་སྐོར་ཤར་གཏོང་ཐུབ་རྒྱུར”སྟབས་བདེ་བསྐྲུན་ཡོད།
         གསར་འགོད་པས་ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་ཆེ་ཆུང་གང་ས་ནས་མཐོང་བར་གཞིགས་ན། དྭངས་གསལ་དུས་ཚིགས་རིང་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་སྔོན་ཆད་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ཕོ་བྲང་པོ་ཏ་ལའི་རྒྱལ་སྒོ་དང་ཤར་སྒོར་ཡུལ་སྐོར་བ་བང་རིང་པོ་ཞིག་སྒྲིག་ཡོད་པ་དང་ཡུལ་སྐོར་ལས་དོན་ཁང་ཁག་ཏུ་བློ་འདྲི་བྱེད་པར་ཡོང་མཁན་རྒྱུན་ཆད་རྒྱུ་མེད་པ་རེད། གནམ་མཚོ་དང་། ཡར་འབྲོག་གཡུ་མཚོ། དགའ་ལྡན་དགོན་སོགས་ལྷ་སའི་ཉིན་གཅིག་རིང་གི་ཡུལ་སྐོར་ལམ་ཐིག་དག་ཡུལ་སྐོར་བ་མང་པོའི་ཐོག་མའི་གདམ་ག་ཞིག་ལ་གྱུར་ཡོད། བར་སྐོར་ཁྲོམ་གཞུང་དུ་ཡུལ་སྐོར་བ་མང་པོ་ཞིག་སྐོར་བ་རྒྱག་མཁན་ཚོ་དང་མཉམ་དུ་དལ་བུར་སྐྱོད་བཞིན་ཡོད་པ་རེད།
         དེའི་རིང་རླངས་འཁོར་ལ་བསྡད་དེ་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ལྷོ་ཁར་ཡུལ་སྐོར་ལ་བསྐྱོད་རྒྱུ་དང་། དེ་ནས་བོད་ལྗོངས་ཀྱི་ཤར་ལྷོར་གནས་པའི་ཉིང་ཁྲིའི་མེ་ཏོག་ལ་མྱོང་རོལ་བྱེད་པར་བསྐྱོད་རྒྱུ། “ཐང་འཕགས་གནའ་ལམ་རྟགས་ཅན”གྱི་ཆེད་སྤྱོད་མེ་འཁོར་ནང་བསྡད་དེ་གཙང་གཞིས་རྩེར་ཡུལ་སྐོར་ལ་བསྐྱོད་རྒྱུ། དེ་བཞིན་རྒྱལ་ལམ་318བརྒྱུད་རྐང་འཁོར་བཞོན་པའམ་ཡང་ན་སྒེར་འཁོར་བཏང་སྟེ་ཡུལ་སྐོར་ལ་བསྐྱོད་རྒྱུ་བཅས་ངལ་གསོའི་རིང་ཡུལ་སྐོར་བ་དང་ས་གནས་དེའི་མང་ཚོགས་ཚོ་ས་མཐོའི་དཔྱིད་ཀར་ཡུལ་སྐོར་ལ་སྐྱོད་པའི་གདམ་ག་ཞིག་ལ་གྱུར་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་བསྡོམས་རྩིས་བརྒྱབ་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། 2017ལོར་བོད་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2561.4ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་379.4བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་10.6%དང་14.7%ཁག་སོ་སོར་འཕར་ནས་ཡུལ་སྐོར་ལས་རིགས་ཀྱིས་ལྗོངས་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་བསྡུར་གྲངས་ཀྱི་28.95%བཟུང་ཡོད་པ་རེད། འདི་ལོ་བོད་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་3300ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་430ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།