འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བརྗེད་མི་རུང་བའི་ལོ་བརྒྱའི་དྲན་གསོ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             —— དབྱིན་ཇིའི་གཙོ་རྒྱུན་བརྙན་འཕྲིན་ལས་ཁུངས་ཀྱིས་འཛམ་གླིང་དམག་ཆེན་དང་པོའི་སྐབས་ཀྱི་ཕྱིར་སྡོད་ཀྲུང་གོའི་བཟོ་པར་དྲན་གསོ་ཞུ་བའི་གནས་ཚུལ་དངོས་མཚོན་གློག་བརྙན་ཐོག་མར་བསྟན་པ། 
           “ཁོང་ཚོ་གཟའ་འཁོར་རེར་ལས་ཀ་ཉིན་7དང་ཉིན་རེར་ལས་ཀ་ཆུ་ཚོད་10ནས་18བར་བྱེད་དགོས་ཀྱི་ཡོད་པས་ལོ་རེར་ངལ་གསོ་ཉིན་3ལས་མེད། ཁོང་ཚོས་ལས་ཀ་བཙོག་ཤོས་དང་དཀའ་ལས་ཁག་ཤོས་དེ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོང་ཚོས་ཕུལ་བའི་ལེགས་སྐྱེས་སྔར་ནས་ད་བར་ལོ་རྒྱུས་ནང་འཁོད་མེད ”དབྱིན་ཇིའི་གློག་བརྙན་སྒྲིག་བཟོ་བ་ཅཱ་སེ·ཀའོ་ཨེན་སི་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“དེར་བརྟེན་ངས་ལས་རོགས་དང་མཉམ་དུ་ལོ་རྒྱུས་དེ་ཕབ་བཟོ་བྱས་ནས་འཛམ་གླིང་དམག་ཆེན་དང་པོའི་སྐབས་ཀྱི་ཕྱིར་སྡོད་ཀྲུང་གོའི་བཟོ་པའི་གཏམ་རྒྱུད་མི་དེ་བས་མང་བས་ཤེས་པ་བྱ་རྒྱུ་ཡིན”ཞེས་བཤད།
              འཛམ་གླིང་དམག་ཆེན་དང་པོ་མཇུག་འགྲིལ་ནས་ལོ་བརྒྱ་འཁོར་བར་དྲན་གསོ་ཞུ་ཆེད། དབྱིན་ཇིའི་བརྙན་འཕྲིན་ལས་ཁུངས་ཀྱིས་འཕྲིན་ལམ་བཞི་པའི་ཐོག་《དབྱིན་ཇིས་བརྗེད་པར་གྱུར་བའི་དམག་དཔུང་》ཞེས་པའི་གནས་ཚུལ་དངོས་མཚོན་གློག་བརྙན་བསྟན་ཡོད། དུས་ཡུན་ཆུ་ཚོད་གཅིག་གི་གནས་ཚུལ་དངོས་མཚོན་གློག་བརྙན་དེ་ཐོག་ནས་འཛམ་གླིང་དམག་ཆེན་དང་པོའི་སྐབས་ཀྱི་ཕྱིར་སྡོད་ཀྲུང་གོའི་བཟོ་པའི་འབྲེལ་ཡོད་འཕྲིན་ཡིག་དང་། ཉིན་ཐོ། ཡིག་ཆ་བཅས་འགའ་ཞིག་མཐོང་ཐུབ་པ་མ་ཟད། ཕྱིར་སྡོད་ཀྲུང་གོའི་བཟོ་པའི་རྗེས་རབས་པ་དང་ལོ་རྒྱུས་མཁས་ཅན་གྱི་ངག་ཐོག་ནས་ཟིན་ཐོར་བཀོད་མེད་པའི་ལོ་རྒྱུས་དེར་དྲན་གསོ་ཡང་བྱས་ཡོད། དེ་ནི་དབྱིན་ཇིའི་གཙོ་རྒྱུན་སྨྱན་སྦྱོར་གྱིས་གནས་ཚུལ་དངོས་མཚོན་གློག་བརྙན་ཐེངས་དང་པོར་བཟོས་ནས་ལོ་རྒྱུས་དུམ་བུ་དེར་དྲན་གསོ་བྱས་པ་ཞིག་ཡིན་ལ་འཛམ་གླིང་དམག་ཆེན་དང་པོའི་རྒྱལ་ཁར་ཕྱིར་སྡོད་ཀྲུང་གོའི་བཟོ་པས་ཕུལ་བའི་གལ་ཆེའི་ལེགས་སྐྱེས་ལ་ཁས་ལེན་བྱས་པ་ཞིག་ཀྱང་རེད།
           གནས་ཚུལ་དངོས་མཚོན་གློག་བརྙན་ལག་བསྟར་སྒྲིག་བཟོ་བ་ཀའོ་ཨེན་སེ་ཡིས་དེ་གོང་དབྱིན་ཇིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལས་ལོ་རྒྱུས་དུམ་བུ་དེ་ཐོག་མར་ཤེས་རྟོགས་བྱུང་ཡོད། སྐབས་དེ་དུས་ཀྲུང་གོའི་བཟོ་པ་ཁྲི་14ཡིས་རྒྱ་མཚོ་སྒྲོལ་ནས་ཐག་རིང་ཡོ་རབ་ཀྱི་གཡུལ་སར་དབྱིན་ཇི་དང་ཧྥ་རན་སེའི་དམག་དཔུང་ལ་རོགས་རམ་བྱེད་པར་ཡོང་ཞིང་། ཁོང་ཚོས་སྲོག་ཉེན་ལ་མ་འཛེམས་པར་གཡུལ་སར་གཞུང་ལམ་དང་འཛིང་རགས་བསྐྲུན་ལ་ལྕགས་ལམ་དང་མེ་སྒྱོགས་བཟོས་པ་དང་ཐ་ན་འབར་མེད་པའི་འབར་མདེལ་ཡང་བཤིག་ཡོད། དབྱིན་ཇིར་མི་ཉུང་ཤས་ཅིག་གིས་མ་གཏོགས་མི་ཤེས་པའི་ལོ་རྒྱུས་དུམ་བུ་དེ་གནས་ཚུལ་དངོས་མཚོན་གློག་བརྙན་བསྟན་པའི་ཐོག་ནས་ལྟད་མོ་བའི་མིག་ལམ་དུ་བཤམས་ཡོད།
           ཟིན་ཐོར་བཀོད་པར་གཞིགས་ན། དབྱིན་ཇིའི་དམག་དུས་ནང་བློན་ཁང་གིས་1916ལོར་ཀྲུང་གོའི་བཟོ་པ་སྐོང་བསྡུ་བྱེད་པའི་ཆོག་མཆན་སྤྲད་པ་མ་ཟད། ངལ་རྩོལ་བཟོ་པའི་དཔུང་སྡེར“ཀྲུང་གོའི་ངལ་རྩོལ་བཟོ་པའི་ལུའེ”ཞེས་དངོས་སུ་མིང་བཏགས་ཡོད། འཛམ་གླིང་དམག་ཆེན་དང་པོའི་རིང་དབྱིན་ཇི་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོས་ཀྲུང་གོའི་བཟོ་པ་ཁྲི་14ཙམ་སྐོང་བསྡུ་བྱས་པའི་ནང་ནས་བཟོ་པ་ཁྲི་10ཙམ་དབྱིན་ཇིའི་དམག་གི་ཀྲུང་གོའི་ངལ་རྩོལ་བཟོ་པའི་ལུའེ་ཡི་ཁོངས་སུ་གཏོགས་པ་དང་ལྷག་མ་ཁྲི་4ཙམ་ཧྥ་རན་སེའི་དམག་དཔུང་གིས་བཀོད་འདོམས་བྱེད་ཀྱི་ཡོད། གཞན་ཡང་སློབ་མ་བརྒྱ་གྲངས་ཀྱིས་སྐད་སྒྱུར་བྱེད་ཀྱི་ཡོད། ཀྲུང་གོའི་ངལ་རྩོལ་བཟོ་པ་དེ་དག་གཙོ་བོ་ཧྲན་ཏུང་ཞིང་ཆེན་ནས་ཡིན་པ་དང་དེའི་ནང་གི་འགའ་ཤས་ལེའོ་ཉིང་དང་། ཅི་ལིན། ཅང་སུའུ། ཧུའུ་པེ། ཧུའུ་ནན། ཨན་ཧུའེ། ཀན་སུའུ་སོགས་ས་གནས་ནས་ཡིན།
          ཕྱིར་སྡོད་ཀྲུང་གོའི་བཟོ་པས་འཛམ་གླིང་དམག་ཆེན་དང་པོར་རྒྱལ་ཁ་ཐོབ་ཆེད་བསུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་མོད། འོན་ཀྱང་ནུབ་ཕྱོགས་སྤྱི་ཚོགས་ཀྱིས་དེར་ཁས་ལེན་དེ་ཙམ་བྱས་མེད། གནས་ཚུལ་དངོས་མཚོན་གློག་བརྙན་ནང་མི་ཉུང་ཤས་ཅིག་གིས་མ་གཏོགས་མི་ཤེས་པའི་གཏམ་རྒྱུད་མང་པོ་བཀོད་ཡོད་པ་དཔེར་ན། འཛམ་གླིང་དམག་ཆེན་དང་པོ་མཇུག་འགྲིལ་ནས་གཟའ་འཁོར་གསུམ་སོང་ཙམ་དུ་《དམག་འཐབ་ཀྱི་ཚོམས་ཁང་》ཞེས་པའི་རི་མོ་ཆེན་པོ་ཞིག་ཕ་རི་སིར་ཡོངས་བསྒྲགས་ངང་བཀྲམ་ཡོད། 1914ལོར་བྲིས་པའི་རི་མོ་དེའི་ནང་མནའ་མཐུན་གྲོགས་པོས་བསྐོར་བའི་ཧྥ་རེན་སེར་རྒྱལ་ཁ་ཐོབ་པའི་རྣམ་པ་བཀོད་ཡོད། འོན་ཏེ་རི་མོ་བྲིས་ཟིན་ལ་ཁད་ཀྱི་1917ལོར་ཨ་རི་དམག་ནང་ཞུགས་པ་རེད། རི་མོའི་ནང་ཨ་རི་བ་ཁ་སྣོན་རྒྱག་ཆེད་རི་མོ་འབྲི་མཁན་གྱིས་དེ་སྔོན་གྱི་རི་མོའི་ནང་གི་མི་སྣ་མེད་པར་བཟོ་དགོས་བྱུང་ནས་ཐོག་མའི་རི་མོའི་ནང་འཁོད་པའི་ཀྲུང་གོའི་ངལ་རྩོལ་བཟོ་པའི་ལུའེ་ཡོངས་སུ་མེད་པར་བཟོས།
          གནས་ཚུལ་དངོས་མཚོན་གློག་བརྙན་ནང་འཛམ་གླིང་དམག་ཆེན་དང་པོའི་སྐབས་ཀྱི་ཕྱིར་སྡོད་ཀྲུང་གོའི་བཟོ་པའི་རྗེས་རབས་པར་བཅར་འདྲི་བྱས་པ་དང་། རྒྱལ་ཁོངས་དབྱིན་ཇི་ཡིན་པའི་ཕྱིར་སྡོད་ཀྲུང་གོ་བ་སུའུ་ཧུའེ་ལིང་ནི་དེའི་ནང་གི་གྲས་ཤིག་ཡིན། ཁོ་མོའི་སྤོ་བོ་ལགས་འཛམ་གླིང་དམག་ཆེན་དང་པོའི་སྐབས་ཧྥ་རེན་སེར་ལས་ཀ་བྱེད་ཀྱི་ཡོད་པ་དང་དམག་མཇུག་འགྲིལ་རྗེས་ཧྥ་རན་སེ་ནས་གྲུ་བསྡད་དེ་ཨ་རིར་འགྲོ་རྩིས་བྱས་མོད། འོན་ཀྱང་སྟེས་དབང་དུ་བྱུང་བའི་ནོར་འཁྲུལ་ཞིག་ལས་ལི་ཨུ་ཕུའུ་རུ་གྲུ་ལས་བབས་དགོས་བྱུང་། དུས་དེ་ནས་བཟུང་དབྱིན་ཇིར་གཞིས་ཆགས་པ་དང་དེ་གར་རྒྱ་ཟས་ཟ་ཁང་དང་གོས་འཁྲུ་ཁང་ཞིག་བཙུགས་ཏེ་འཚོ་ཐབས་བྱས།
          སུའུ་ཧུའེ་ལིང་གིས“སྤོ་བོ་ལགས་ང་རང་ལོ་བརྒྱད་ལ་སླེབས་སྐབས་གྲོངས་སོང་། ངས་ནང་མི་ཚོའི་ས་ནས་སྤོ་བོ་ལགས་ཀྱི་དེ་སྔོན་གཏམ་རྒྱུད་མང་པོ་ཞིག་ཤེས་བྱུང་། ངས་བལྟས་ན་ལོ་བརྒྱའི་གོང་གི་ཕྱིར་སྡོད་ཀྲུང་གོའི་བཟོ་པའི་ལེགས་སྐྱེས་ལ་ཁས་ལེན་བྱ་རྒྱུ་ནི་ད་ཆ་དབྱིན་ཇིར་འཚོ་བ་སྐྱེལ་བཞིན་ཡོད་པའི་ཕྱིར་སྡོད་རང་མིའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་སྙམ་གྱི་འདུག”ཅེས་གསར་འགོད་པར་བཤད་བྱུང་།
           དབྱིན་ཇིའི་བརྙན་འཕྲིན་ལས་ཁུངས་ཀྱིས་འཕྲིན་ལམ་བཞི་པའི་ཐོག་བསྟན་པའི་གནས་ཚུལ་དངོས་མཚོན་གློག་བརྙན་གྱི་ངོ་སྤྲོད་མདོར་བསྡུས་ནང་། དམག་ཆེན་དང་པོ་མཇུག་འགྲིལ་རྗེས་དབྱིན་ཇིས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཛམ་གླིང་དམག་ཆེན་དང་པོར་དྲན་གསོ་བྱེད་པའི་དྲན་གསོའི་རྡོ་རིང་ཁྲི་6ལྷག་ཙམ་བསྐྲུན་པའི་ཁྲོད་སྲོག་ཆགས་དང་འཇར་མན་བར་དྲན་གསོ་ཞུ་བའི་རྡོ་རིང་ཡོད་མོད། འོན་ཀྱང་འཛམ་གླིང་དམག་ཆེན་དང་པོའི་སྐབས་ཀྱི་ཕྱིར་སྡོད་ཀྲུང་གོའི་བཟོ་པར་དྲན་གསོ་བྱེད་པའི་རྡོ་རིང་གཅིག་ཀྱང་མེད།
          འདྲ་མཉམ་དྲང་གཞག་མེད་པའི་འཛམ་གླིང་དམག་ཆེན་དང་པོའི་སྐབས་ཀྱི་ཕྱིར་སྡོད་ཀྲུང་གོའི་བཟོ་པའི་གནས་སྟངས་ལ་འགྱུར་ལྡོག་གཏོང་ཆེད། དབྱིན་ཇིའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས“ང་ཚོ་བློ་ལ་བརྟན་པོར་ངེས་པའི་འགན་ལེན་བྱེད་དགོས”ཞེས་པའི་རྒྱལ་ཡོངས་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་ནས་དབྱིན་ཇིར་འཛམ་གླིང་དམག་ཆེན་དང་པོའི་ཕྱིར་སྡོད་ཀྲུང་གོའི་བཟོ་པར་དྲན་གསོའི་རྡོ་རིང་ཞིག་སྐྲུན་དགོས་ལ་ཁོང་ཚོར་བདེན་པའི་ལན་ཞིག་འདེབས་དགོས་ཚུལ་བཤད་པ་རེད།
           རྡོ་རིང་འཛུགས་པའི་ལས་འགུལ་སྤེལ་མཁན་གྱི་གྲས་ཤིག་དང་ཕྱི་ཁོངས་ཀྲུང་གོ་བ་ཡིན་པའི་དབྱིན་ཇིའི་ཧྲེ་ཀྲང་དང་པོ་ཁྲེན་ཏེ་ལེའང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་མ་དངུལ་གྲབས་གསོག་བྱས་ནས་བསྐྲུན་རྒྱུ་ཡིན་པའི་དྲན་གསོའི་རྡོ་རིང་དེ་ལུན་ཏུན་གྱི་ཤར་རྒྱུད་དུ་བསྐྲུན་རྒྱུ་ཡིན་ཞིང་། ཀྲུང་གོའི་རྡོ་རིང་བརྐོས་བརྒྱན་མ་ཞིག་ཏུ་འཆར་འགོད་བྱས་པ་དང་དེའི་ཕྱོགས་བཞིར་བཟོ་པ་སྐོང་བསྡུ་དང་། སྐྱེལ་འདྲེན་བྱེད་པ། ལས་ཀ་བྱེད་པ། རང་རྒྱལ་དུ་ལོག་པ་བཅས་ཀྱི་རྣམ་པ་བཞི་བརྐོས་རྒྱུ་ཡིན། འཆར་འགོད་ལྟར་ན་དྲན་གསོའི་རྡོ་རིང་དེའི་མཐོ་ཚད་ལ་སྨི་9.6ཡོད་པ་དང་སྨི་རེས་འཛམ་གླིང་དམག་ཆེན་དང་པོའི་སྐབས་དབྱིན་ཇིར་ཡོང་བའི་ཀྲུང་གོའི་བཟོ་པ་ཁྲི་གཅིག་རེ་མཚོན་གྱི་ཡོད། སང་ལོ་ནི་འཛམ་གླིང་དམག་ཆེན་དང་པོ་མཇུག་འགྲིལ་ནས་ལོ་100འཁོར་བའི་ལོ་ཞིག་ཡིན་པས་དྲན་གསོའི་རྡོ་རིང་དེ་ཡང་སྔོན་དཔག་བྱས་ན་སང་ལོའི་ཟླ་བ་བརྒྱད་པར་བསྐྲུན་ཟིན་རྒྱུ་རེད་ཅེས་བཤད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལེའང་ཤིས་ཀྲེ་དང་ཀུའེ་ཐའོ།
      

    ཕྱོགས་བསྡུས་གསར་འགྱུར།