འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོས་ནེ་པ་ལར་ཕྱིར་སྐྱོར་བྱེད་སྟངས་གསར་
    པ་གྲུབ་འབྲས་ཐོབ་པའི་ངང་འཚོལ་ཞིབ་བྱས་ཡོད་ཅེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལག་མཐུན་སྦྱོར་པ་ལུའོ་ཧྲེ་ལིས་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་ཀྲུང་གོས་ནེ་པ་ལའི་ལྷོ་རྒྱུད་གེགས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཐད་ཕྱོགས་མང་རྩ་འཛུགས་ལ་བརྟེན་ནས་ཕྱིར་སྐྱོར་རྣམ་གྲངས་ལེགས་པར་སྒྲུབ་སྟངས་གསར་པ་ཞིག་གྲུབ་འབྲས་ཐོབ་པའི་ངང་འཚོལ་ཞིབ་བྱས་ཡོད་ཅེས་བཤད་པ་རེད།
         ཉིན་དེར་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཧུང་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡི་ནེ་པ་ལའི་དོན་གཅོད་ཁང་གི་ཀྲུའུ་རེན་མའེ་ཡེར་གྱིས་རྩིས་སྤྲོད་རྩིས་ལེན་ཡི་གེའི་ཐོག་མིང་རྟགས་བཀོད་པ་དེ་ཐོག་ནས་ཀྲུང་གོས་ནེ་པ་ལའི་ལྷོ་རྒྱུད་གེགས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་རོགས་སྐྱོར་བྱེད་པའི་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱེད་མཇུག་འགྲིལ་བ་མཚོན་གྱི་ཡོད།
         ཡུས་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་ལྷོ་མཉམ་ལས་ཀྱི་མ་དངུལ་རྣམ་གྲངས་འོག་ད་རེས་ཀྱི་རོགས་སྐྱོར་ལས་དོན་དེ་ཀྲུང་གོ་སྲིད་གཞུང་གིས་མ་དངུལ་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡི་ནེ་པ་ལ་དོན་གཅོད་ཁང་སོགས་ནེ་པ་ལར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིས་དོན་འཁྱོལ་བྱེད་པའི་རྣམ་པ་བརྒྱུད་སྤེལ་ཞིང་། ནེ་པ་ལའི་ལྷོ་རྒྱུད་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཆུ་སྐྱོན་གྱི་ཤུགས་རྐྱེན་ཐེབས་པའི་ཁྱིམ་ཚང་ཁྲི་3.18ལ་ཉལ་གདན་དང་། ཐབ་ཆས། གུར། འཕྲོད་བསྟེན་ཡོ་བྱད་ལ་སོགས་པའི་མི་ཆོས་རིང་ལུགས་ཀྱི་དངོས་རྫས་སྤྲད་པ་རེད།
         2017ལོའི་ཟླ་བ་བརྒྱད་པར་ནེ་པ་ལའི་ལྷོ་རྒྱུད་ཀྱི་ཐེ་ལའེ་ཀླུང་ཐང་དུ་ལོ་དྲུག་ཅུའི་རིང་བྱུང་མྱོང་མེད་པའི་ཆུ་སྐྱོན་ཤིན་ཏུ་ཆེན་པོ་ཞིག་བྱུང་སྟེ། རྫོང་35ལ་གནོད་སྐྱོན་ཚབས་ཆེན་ཕོག་པ་དང་། མི་བརྒྱ་གྲངས་ཤི་བ། ཁང་པ་ཁང་མིག་ཁྲི་4ལྷག་ཙམ་ལོག་པ། མི་ཁྲི་བརྒྱ་གྲངས་ལ་ཤུགས་རྐྱེན་ངན་པ་ཕོག་ཡོད། ཀྲུང་གོ་སྲིད་གཞུང་གིས་ཐེངས་གཉིས་སུ་བགོས་ནས་རོགས་སྐྱོར་སྣ་ཚོགས་བྱས་པ་རེད།
         ད་རེས་ཀྱི་རྣམ་གྲངས་དེ་རོགས་སྐྱོར་ཁག་གཉིས་པའི་ཁོངས་སུ་གཏོགས་པ་དང་། འདི་ལོའི་ཟླ་བ་དང་པོ་ནས་བྱེད་འགོ་ཚུགས་པ། དངོས་རྫས་གཏོང་སྤྲོད་དུས་ཚོད་ཟླ་བ་གཉིས་ཙམ་འགོར་ཡོད། ད་རེས་ཀྱི་བྱ་སྤྱོད་ལ་ནེ་པ་ལའི་ལས་རིགས་ཁག་གི་བསྔགས་བརྗོད་ཐོབ་ལ་དོ་ཁུར་ཡང་རྒྱ་ཁྱབ་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།