འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རང་རྒྱལ་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་འགྲོ་མཁན་མི་གྲངས་ཁྲི་60ལས་ཐོག་
    མར་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་གསལ། 2017ལོར་རང་རྒྱལ་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་འགྲོ་མཁན་མི་གྲངས་ཁྲི་60ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཏེ་མི་གྲངས་ཁྲི་60.84ཟིན་པ་དེ་དུས་མཚུངས་ལས་11.74%འཕར་ཏེ་འཛམ་གླིང་དུ་ཕྱི་སྦྱོང་སློབ་མའི་ཡོངས་ཁུངས་རྒྱལ་ཁབ་ཆེ་ཤོས་ཀྱི་གནས་བབ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ལོ་དེར་ཕྱི་སྦྱོང་སློབ་མ་རང་རྒྱལ་དུ་ཕྱིར་ལོག་བྱེད་མཁན་མི་གྲངས་ལོ་གོང་མ་ལས་11.19%འཕར་ནས་མི་གྲངས་ཁྲི་48.09ཟིན་ཞིང་། དེའི་ནང་རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ཐོབ་པ་དང་དེ་བཞིན་མཆོག་རམས་པ་ལས་དོན་ས་ཚིགས་སུ་ལས་དོན་བསྒྲུབས་ནས་ལོག་མཁན་མི་གྲངས་ཁྲི་22.74ཟིན་ནས་དུས་མཚུངས་ལས་14.90%འཕར་བ་ཚུད་ཡོད། བསྡོམས་རྩིས་ལས་མངོན་པ་ལྟར་ན། 1978ལོ་ནས་2017ལོ་བར་རང་རྒྱལ་གྱི་རིགས་ཁག་གི་ཕྱི་སྦྱོང་སློབ་མའི་ཁྲོད་ཕྱི་སྦྱོང་སློབ་མ་ཁྲི་313.20སློབ་སྦྱོང་ལེགས་གྲུབ་བྱུང་རྗེས་རང་རྒྱལ་དུ་བྱ་གཞག་གཉེར་བར་ཡོང་བའི་གདམ་ག་བྱས་པ་དེས་སློབ་སྦྱོང་ལེགས་གྲུབ་བྱུང་བའི་ཕྱི་སྦྱོང་སློབ་མའི་མི་གྲངས་ཀྱི་83.73%བཟུང་ཡོད་པ་རེད།
         2017ལོར་རང་རྒྱལ་གྱི་ཕྱི་སྦྱོང་སློབ་མ་ཕྱི་རྒྱལ་དུ་སློབ་སྦྱོང་དང་རང་རྒྱལ་དུ་ཕྱིར་ལོག་ནས་ཞབས་འདེགས་ཞུ་བར་ཡོང་བའི་གཞི་ཁྱོན་གཉིས་པོ་ཆེ་རུ་ཕྱིན་པ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ལས་རིགས་དགོས་མཁོ་དང་འཚམ་མཐུན་བྱུང་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་རིགས་ཁག་གི་ཕྱི་སྦྱོང་སློབ་མ་ཁྲི་519.49ཟིན་པ་དང་། ད་བར་མི་གྲངས་ཁྲི་145.41གིས་ཕྱི་རྒྱལ་དུ་འབྲེལ་ཡོད་དུས་མཚམས་ཀྱི་སློབ་སྦྱོང་དང་ཞིབ་འཇུག་བྱེད་བཞིན་ཡོད། 2017ལོར་མཚོན་ན། རང་རྒྱལ་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་འགྲོ་ཡུལ་ཕལ་མོ་ཆེ་སྔར་བཞིན་ཡོ་རོབ་དང་ཨ་མེ་རི་ཁ་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་དག་ཡིན་པ་རེད། དེ་དང་དུས་མཚུངས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དེ་དག་དཔལ་འབྱོར་གྱི་འཕར་གཞི་གསར་པར་གྱུར་ནས་ལོ་དེར“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་མཁན་རྒྱལ་ཁབ་ནང་ཕྱི་སྦྱོང་སློབ་མ་མི་གྲངས་ཁྲི་6.61ཟིན་ནས་ལོ་གོང་མ་ལས་15.7%འཕར་ཏེ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་འགྲོ་མཁན་སློབ་མ་ཡོངས་ཀྱི་འཕར་ཚད་ལས་བརྒལ་ཡོད། 1978ལོ་ནས་2017ལོའི་ལོ་མཇུག་བར་རང་རྒྱལ་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་འགྲོ་བའི་འབྲེལ་ཡོད་གྲངས་གཞི་ལས་མངོན་པ་ལྟར་ན། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་འགྲོ་མཁན་རིམ་གྱིས་མང་དུ་ཕྱིན་པ་དང་རིམ་པ་མཐོ་བའི་ཤེས་ལྡན་པ་ཕྱིར་ལོག་བྱེད་ཚད་མངོན་གསལ་དོད་དུ་སོང་ཞིང་། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཕྱིར་ལོག་པའི་མི་གྲངས་རྒྱུན་མི་ཆད་པར་མང་དུ་སོང་ནས་མི་གྲངས་ཁྲི་231.36རང་རྒྱལ་དུ་ཕྱིར་ལོག་བྱས་པ་དེས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་དུ་ཕྱིར་ལོག་བྱེད་མཁན་བསྡོམས་འབོར་གྱི་73.87%བཟུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།