འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།"ཁོང་ནི་ཚན་ཞིབ་ལས་ལ་འབད་བརྩོན་གནང་མཁན་སློབ་གསོའི་འཐབ་ཕྱོགས་ཀྱི་ཁུང་ཧྥན་སེན"རེད། 

    —— ཀྲུང་ཡང་གིས་བོད་ལྗོངས་ལ་བཅངས་པའི་བརྩེ་སེམས་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “འཛམ་གླིང་གི་ཡང་རྩེ”ཡིན་པའི་ཆ་ནས་བོད་ཀྱི་རི་བོ་ནམ་མཁའ་དང་ཐག་ཉེ་ཤོས་རེད། སྐྱེ་དངོས་རིག་པ་མཁས་ཅན་ཕུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུང་ཡང་གི་སེམས་པ་གངས་ལྗོངས་ས་མཐོ་དང་དམ་པོར་སྦྲེལ་ནས་ཡོད།
         2001ལོར་ཀྲུང་ཡང་བོད་དུ་ཐེངས་དང་པོ་ཡོང་། དེའི་རྒྱུ་མཚན་ནི་མཚོ་བོད་ས་མཐོ་ནི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལྡན་པའི་དོ་ཁུར་བྱ་ཡུལ་ཞིག་དང་། “སྐྱེ་དངོས་རིག་པ་མཁས་ཅན་ཚང་མས་ཡིད་སྨོན་བྱེད་པའི་ས་ཆ་ཞིག་ཡིན་པས་རེད”
         སྐབས་དེ་དུས་ཀྱི་བོད་ལྗོངས་སློབ་ཆེན་སྐྱེ་དངོས་རིག་པའི་ཆེད་ལས་ལ་ད་དུང་དགེ་རྒན་ཆེ་མོ་བ་མེད་པ་དང་། འབུམ་རམས་པའི་སློབ་གནས་མེད་པ། ཞིབ་འཇུག་བྱ་གཞི་རེ་ཞུ་བྱེད་པར་རྨང་གཞི་མེད་པ་བཅས་ཀྱི“མེད་པ་གསུམ”གྱི་གནས་སུ་ལུས་ཡོད།
         “ས་གཞི་འདིར་སྐྱེ་དངོས་རིག་པ་མཁས་ཅན་ཞིག་དགོས་མཁོ་ཆེ་ལ་སློབ་གསོའི་ལས་དོན་པ་ཞིག་དེ་བས་དགོས་མཁོ་ཆེན་པོ་འདུག བོད་རིགས་སློབ་མ་ཚོའི་ཚན་རིག་ཞིབ་འཇུག་ཐད་མཛུབ་ཁྲིད་བྱས་ཚེ་འབྱུང་འགྱུར་དེ་བས་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་སྲིད”ཅེས་ཀྲུང་ཡང་གིས་རྟག་ཏུ་བརྗོད་ཀྱི་ཡོད།
         ཀྲུང་ཡང་གིས་སྐྱེ་དངོས་རིག་པའི་འབུམ་རམས་པའི་ས་ཚིགས་ལ་ཆོག་མཆན་མ་ཐོབ་བར་ང་རང་བོད་ནས་ཁ་གྱེས་ཀྱི་མིན་ཞེས་དམ་བཅའ་བཞག་ཡོད།
         བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཚོས་ཀྱང་དང་ཐོག་ཀྲུང་ཡང་ལ་དོ་སྣང་དེ་ཙམ་མི་བྱེད་ཅིང་། གང་ལགས་ཤེ་ན། ཁོང་ནི་ཧྲང་ཧའེ་ནས་ཡོང་བའི་ལོ་ན་ཕྲ་བའི་དགེ་རྒན་ཆེ་མོ་བ་ཞིག་ཡིན་པས་ཡིན་པ་དང་། ཁོང་གིས་བོད་ལྗོངས་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་ཐད་བྱ་ཐབས་གསར་པ་གང་ཞིག་འདོན་མིན་ཐད་དོགས་འཆར་བྱས།
         ཡིན་ནའང་། ཀྲུང་ཡང་གིས་བོད་དུ་སྡོད་རྒྱུའི་སེམས་ཐག་བཅད། དེ་ནས་ཁོང་ཀྲུང་དབྱང་རྩ་འཛུགས་པུའི་བོད་སྐྱོར་ལས་བྱེད་པ་ཁག་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་བོད་སྐྱོར་ལས་བྱེད་པར་གྱུར་ནས་གངས་ལྗོངས་ས་མཐོར་ལོ་16རིང་ལས་ཀ་བྱས་ནས་བསྡད་དེ་རང་ཉིད་ཀྱི་ཚེ་སྲོག་མཇུག་མ་འགྲིལ་བར་བོད་དུ་ལམ་ཐག་སྤྱི་ལེ་ཁྲི་50ལྷག་ཙམ་བསྐྱོད་ཡོད།
         འདི་ནི་ཀྲུང་ཡང་གིས་བོད་ལ་བཅངས་པའི་བརྩེ་སེམས་ཤིག་རེད།
         2002ལོར་ཀྲུང་ཡང་དང་བོད་ལྗོངས་སློབ་ཆེན་གྱི་ལས་རོགས་ཆུང་ཚེ་རིང་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་རེ་བ་ཞུས་ཀྱང་མཐར་གྲུབ་འབྲས་མ་ཐོན་ཞིང་། ཁོང་གིས“བྱ་བ་ཐམས་ཅད་སྒྲུབ་པའི་ཐོག་མའི་དུས་སུ་དཀའ་ངལ་འཕྲད་སྲིད། ཕྱི་ལོ་སླར་ཡང་རེ་བ་ཞུ་ཆོག”ཅེས་ཆུང་ཚེ་རིང་ལ་སེམས་གསོ་བཏང་། རྗེས་སུ་ཁོང་གཉིས་ཀྱིས་མུ་མཐུད་དུས་ཚོད་དམ་འཛིན་གྱིས་ཐང་སྟོང་དུ་རྟོག་ཞིབ་བྱེད་པ་དང་། ས་མཐོའི་ལ་དུག་ཚབས་ཆེན་ཕོག་སྐབས་ཀྲུང་ཡང་གིས་རྟག་ཏུ་གསོ་རླུང་རྔུབ་ཞོར་དུ་ཉིན་མཚན་བལྟོས་མེད་ཞིབ་འཇུག་སྙན་ཞུར་བཟོ་བཅོས་རྒྱག་གི་ཡོད།
         2003ལོར་མཐར་རེ་ཞུར་ཆོག་མཆན་ཐོབ། འདི་ནི་སློབ་གྲྭ་འདིར་ཐོབ་པའི་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་དང་པོ་དེ་ཡིན་པས་བོད་ལྗོངས་སློབ་ཆེན་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས།
         “ཁོང་ནི་འཆད་ཁྲིད་ཐེངས་འགའ་བྱེད་པར་ཡོང་བ་དང་། རྣམ་གྲངས་འགའ་སྒྲུབ་པར་ཡོང་བ་ཞིག་མིན་པར་ཕུའུ་ཏན་སློབ་ཆེན་གྱི་ཚན་ཞིབ་དང་དོ་དམ་གྱི་ཉམས་མྱོང་གསར་ཤོས་དང་ཡག་ཤོས་ཆད་ལུས་མེད་པའི་སྒོ་ནས་ང་ཚོར་བརྒྱུད་ཁྲིད་བྱེད་མཁན་ཞིག་རེད”ཅེས་བོད་ལྗོངས་སློབ་ཆེན་ཞིབ་འཇུག་སློབ་མ་ཁྲུའི་དེ་སྔའི་ཁྲུའུ་ཀྲང་དངོས་གྲུབ་ནོར་བུས་བརྗོད།
         ཁོང་གིས་བོད་དུ་རྩ་བ་ཚུགས་ནས་མྱུ་གུ་འབུས་པའི“ས་བོན”རྐང་གཅིག་ལའང་ཞིབ་འཇུག་བྱེད་མཚམས་བཞག་མེད།
         ཀྲུང་ཡང་གིས་བོད་རིགས་གཞོན་སྐྱེས་དགེ་རྒན་ལྷག་ཆུང་ལ་ལོ་ཁ་ཤས་བསྟུད་མར་ཕུའུ་ཏན་སློབ་ཆེན་དུ་འབུམ་རམས་པའི་ཡིག་རྒྱུགས་གཏོང་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཤིང་། ལྷག་ཆུང་གིས“ཁོང་གིས་བོད་ལ་རང་ཉིད་ཀྱི་ས་མཐོའི་ཚན་རིག་ཤེས་ལྡན་མི་སྣའི་སྣེ་ཁྲིད་པ་གསོ་སྐྱོང་གནང་རྒྱུར་ཐུགས་ཁྲལ་ཆེན་པོ་གནང་གི་འདུག”ཅེས་བརྗོད།
         ལོ་བཅུ་གྲངས་ཁ་ཤས་རིང་། ཀྲུང་ཡང་གི་སློབ་མ་བོད་ལྗོངས་དང་། ཤིན་ཅང་། མཚོ་སྔོན། ཀན་སུའུ་སོགས་ནུབ་རྒྱུད་ཞིང་ཆེན་མང་པོར་ཡོད་ཅིང་། ཁོང་གིས་གསོ་སྐྱོང་གནང་བའི་བོད་རིགས་ཀྱི་སྐྱེ་དངོས་རིག་པའི་འབུམ་རམས་པ་ཐོག་མ་བཀྲ་ཤིས་ཚེ་རིང་བོད་ལྗོངས་ས་བོན་ཐོན་ཁུངས་མཛོད་ཀྱི་ཀྲུའུ་རེན་ལ་གྱུར་བ་དང་། འབུམ་རམས་པ་ལྷག་ཆུང་བོད་ལྗོངས་སློབ་ཆེན་ཚེ་སྲོག་ཚན་རིག་ཚན་ཁག་གི་སྣོད་བཅུད་རིག་པའི་འབུམ་རམས་སློབ་མའི་སློབ་དཔོན་དང་པོར་གྱུར་བ། ཧ་སག་རིགས་ཀྱི་སྐྱེ་དངོས་རིག་པའི་འབུམ་རམས་པ་ཐོག་མ་ཝུའུ་མེར་ཤ་ཐི་ཤིན་ཅང་ཞིང་ལས་སློབ་ཆེན་དུ་དགེ་རྒན་བྱེད་པར་བསྐྱོད་ནས་མི་རིགས་ས་ཁུལ་གྱི་མཁོ་གལ་ཆེ་ཤོས་ཀྱི་ཚན་ཞིབ་སློབ་ཁྲིད་ཀྱི་རྐང་འཛིན་མི་སྣར་གྱུར་བ་སོགས་སློབ་མ་མང་པོ་ཡོད།
         “ང་ལ་ཕུགས་བསམ་ཞིག་ཡོད། འདི་ནི་མེས་རྒྱལ་གྱི་མི་རིགས་ཚང་མར་སྐྱེ་དངོས་རིག་པའི་འབུམ་རམས་པ་ཞིག་གསོ་སྐྱོང་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་པ་ནི་ཀྲུང་ཡང་རང་ཉིད་ཀྱི“བོད་སྐྱོར་བྱེད་ཐབས”ཤིག་ཡིན།
         ཁོང་གི་མཛུབ་ཁྲིད་འོག་བོད་ལྗོངས་སློབ་ཆེན་གྱིས་གཅིག་མཇུག་གཉིས་མཐུད་ངང་སྣོད་བཅུད་རིག་པའི་འབུམ་རམས་པའི་ས་ཚིགས་དང་པོ་རེ་འདུན་ཞུས་པ་དང་བོད་ཀྱི་སྐྱེ་དངོས་རིག་པའི་སློབ་གསོའི་གསར་གཏོད་ཚོགས་པ་དང་པོ་དེར་གྱུར་ཡོད། 2017ལོར་བོད་ལྗོངས་སློབ་ཆེན་སྣོད་བཅུད་རིག་པའི་ཚན་ཁག་འདི་ཉིད་རྒྱལ་ཁབ་ཀྱི“རྩེ་གྲ་གཉིས”ཀྱི་རིག་ཚན་རྩེ་གྲ་འཛུགས་སྐྱོང་གི་མིང་ཐོའི་ནང་བདམས་ཡོད།
         “ཁོང་ནི་ཚན་ཞིབ་ལས་ལ་འབད་བརྩོན་གནང་མཁན་སློབ་གསོའི་འཐབ་ཕྱོགས་ཀྱི་ཁུང་ཧྥན་སེན་ཡིན་པས་ང་ཚོར་ལས་ཀའི་ཁ་ཕྱོགས་གསལ་སྟོན་གནང་བྱུང”ཞེས་དངོས་གྲུབ་ནོར་བུས་ཀྲུང་ཡང་ལ་གུས་བཀུར་རྗེས་དྲན་གྱི་ཚུལ་དུ་དེ་ལྟར་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།