༄༅།།པུའུ་ཨུད་བདུན་གྱིས་ཞིང་སྤྱོད་དངོས་རྫས་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་
སྒྲིག་བྱ་སྤྱོད་སྤེལ་བ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 04ཚེས་02ཉིན། 10:57】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། དཔྱིད་འདེབས་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་བ་དང་ཞིང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད་ཞིང་ལས་དང་གྲོང་གསེབ་པུའུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། ཀྲུང་ཧྭ་རྒྱལ་ཡོངས་འཛད་སྤྲོད་མཉམ་ལས་སྤྱི་ཁྱབ་ཁང་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག་2018ལོའི་རྒྱལ་ཡོངས་ཀྱི་ཞིང་སྤྱོད་དངོས་རྫས་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་2018ལོའི་ཞིང་སྤྱོད་དངོས་རྫས་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་གྱི་གཙོ་གནད་བཀོད་སྒྲིག་བྱས་པ་རེད།
འདི་ལོ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཡིན་པས། ཞིང་སྤྱོད་དངོས་རྫས་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་ལ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ཡོད་པ་བྱེད་དགོས། པུའུ་ཨུད་བདུན་གྱིས་ས་གནས་ཁག་དང་སྡེ་ཚན་ཁག་ལ་རྩ་ལག་མཉམ་བཅོས་དང་རྡུང་རྡེག་དང་སྔོན་འགོག་ཟུང་འབྲེལ་བྱེད་པ་དང། ཐར་པར་གཏན་ནས་མི་གཏོང་བ་དང་བྱ་སྤྱོད་ནན་པོ་སྤེལ་བ། དཔུང་ཁག་སྟོབས་ཆེར་གཏོང་བ་དང་ལྟ་སྐུལ་དོ་དམ་ནན་པོ་བཅས་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ་ཞིང་སྤྱོད་དངོས་རྫས་རྫུས་མར་རྡུང་རྡེག་གཏོང་བའི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་།
གཙོ་གནད་རྣམ་གྲངས་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་དགོས་ཤིང་། ས་བོན་རྫུས་མ་དང་སྤུས་ཞན་ས་བོན་དང་། ལུད་ཀྱི་ནུས་ལྡན་གྲུབ་ཆ་མི་འདང་བ། ཞིང་སྨན་དང་ཕྱུགས་སྨན་ནང་མི་མངོན་པའི་རྫས་འགྱུར་དངོས་པོ་བསྲེས་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་དཔྱིད་དུས་ཀྱི་ཞིང་སྤྱོད་དངོས་རྫས་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ནས་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པ་ལྡན་པའི་ཞིང་སྤྱོད་དངོས་རྫས་རྫུས་མ་བཟོ་བ་དང་།
འཚོང་བའི་ཁྲིམས་འགལ་ཉེས་གསོག་གི་དཔེ་མཚོན་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་དང་སྦྲགས་བརྡ་ཁྱབ་གཏོང་དགོས་པ། གཙོ་གནད་ས་ཁོངས་ལ་དམིགས་ཏེ་སྤུས་ཚད་ལྟ་སྐུལ་འཐེན་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་དང་ཞིང་སྤྱོད་དངོས་རྫས་གཉེར་སྐྱོང་བསྡུ་འགྲེམ་ཁུལ་སོགས་གཙོ་གནད་ས་ཁོངས་ལ་དམིགས་ཏེ“སྐབས་བསྟུན་གཉིས”གཞིར་བཟུང་ཞིང་སྤྱོད་དངོས་རྫས་ཀྱི་སྤུས་ཚད་ལྟ་སྐུལ་འཐེན་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས་པ།
ཞིང་ལས་ཐོན་རྫས་ལ་ཞིབ་མཆན་དང་ཆོག་འཐུས་ནན་པོ་འགོད་རྒྱུར་སྐུལ་མ་གཏོང་དགོས་ཤིང་། ཞིང་སྤྱོད་དངོས་རྫས་འཇུག་འཐུས་ཀྱི་ཚད་གཞི་མཐོ་རུ་བཏང་སྟེ་ལྷག་རོ་མང་བ་དང་། སྦགས་བཙོག་མང་བ། ཟད་གྲོན་ཆེ་བ་བཅས་ཀྱི་ཞིང་སྤྱོད་དངོས་རྫས་ཡང་སྐོར་བསྐྱར་སྐོར་གྱིས་ཐོ་འགོད་བྱས་ནས་རྗེས་ལུས་ཐེབས་པའི་ཐོན་ནུས་ཁག་གཅིག་སླར་ཡང་མེད་པར་བཟོ་དགོས་པ།
ཞིང་སྤྱོད་དངོས་རྫས་ཁྱབ་ཁོངས་ཀྱི་ཡིད་རྟོན་འཛུགས་སྐྱོང་འཆར་གཞི་ལག་བསྟར་བྱེད་དགོས་ཤིང་། ཞིང་སྤྱོད་དངོས་རྫས་ཁྱབ་ཁོངས་ཀྱི་ཡིད་རྟོན་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་སྤྱོད་དངོས་རྫས་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་པོའི་ཡིད་རྟོན་ཡིག་ཚགས་བཟོས་ནས་ཞིང་སྤྱོད་དངོས་རྫས་ཀྱི་ཁྲིམས་འགལ་དང་ཁ་དན་ཚིག་ལ་མ་གནས་པའི་ཐོ་གཞུང་ནག་པོའི་དོ་དམ་བྱེད་ཐབས་བཟོས་ནས་བཏོན་ཏེ་ཡིད་རྟོན་དེ་ཞིང་ལས་རྣམ་གྲངས་ཁག་གི་ཡིག་ཐོག་སྙན་ཞུ་དང་། ཐོབ་ཐང་ཞིབ་བཤེར། སྲིད་འཛིན་ཆོག་འཐུས་ཞིབ་བཤེར་ཆོག་མཆན་བཅས་དགོས་ངེས་ཀྱི་བླང་བྱར་བརྩི་དགོས་པ།
བློས་འགེལ་ཆོག་པའི་ཞིང་སྤྱོད་དངོས་རྫས་གྲོང་གསེབ་ཏུ་སྤྱོད་པའི་བྱེད་སྒོ་མུ་མཐུད་སྤེལ་དགོས་ཤིང་། རྒྱལ་ཡོངས་སུ་ཞིང་ནང་དུ་སློབ་ཚན་འཁྲིད་པ་དང་། ས་གནས་ས་ཐོག་ཏུ་བློ་འདྲི་བྱེད་པ། འགྲེམས་སྟོན་བྱས་ཏེ་ཞིང་པར་ཞིང་སྤྱོད་དངོས་རྫས་ཚན་རིག་དང་མཐུན་པའི་ངང་ཉོ་སྒྲུབ་བྱེད་པ་དང་། ལུགས་མཐུན་ངང་སྤྱོད་རྒྱུར་མཛུབ་སྟོན་བྱས་ནས་བློས་འགེལ་ཆོག་པའི་ཞིང་སྤྱོད་དངོས་རྫས་གྲོང་གསེབ་ཏུ་སྤྱོད་པའི་ཐབས་ལམ་ཤར་གཏོང་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།