འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།འཛད་སྤྱོད་དེ་རང་རྒྱལ་གྱི་དཔལ་འབྱོར་བརྟན་པོའི་ངང་འཕར་བའི་ལག་ཆ་ལྟ་བུར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཐོག་མར་སྒྲིག་འཛུགས་རྩོམ་སྒྲིག་བྱས་པའི《2017ལོའི་ཀྲུང་གོའི་གྲོང་མིའི་འཛད་སྤྱོད་འཕེལ་རྒྱས་ཀྱི་སྙན་ཞུ》བཀྲམ་ཡོད། སྙན་ཞུའི་ནང་ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་འཛད་སྤྱོད་བརྟན་ལ་མྱུར་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་བྱེད་པའི་ལག་ཆ་ལྟ་བུར་གྱུར་ཡོད་པ་རེད།
    སྙན་ཞུའི་ནང་ཕྱོགས་བཞིའི་ཐད་ནས་རང་རྒྱལ་འཛད་སྤྱོད་ཀྱི་འཕེལ་རྒྱས་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ཡོད་པ་སྟེ། གཅིག་ནི་རང་རྒྱལ་གྱི་གྲོང་མིའི་འཛད་སྤྱོད་ཀྱི་སྤྱིའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། 2017ལོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་36.6ཟིན་ནས་10.2%འཕར་ཡོད། 2013ལོ་ནས་2017ལོ་བར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས་11.3%འཕར་བ་དང་། དྲ་ཐོག་གི་སིལ་ཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས་30%ཡན་འཕར་ཡོད། རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར་18322ཟིན་ནས་7.1%འཕར་ཡོད། གཉིས་ནི་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། 2017ལོར་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་58.8%ཟིན་ནས་མ་རྩ་གྲུབ་པའི་སྤྱི་འབོར་གྱི་ལེགས་སྐྱེས་འབུལ་ཚད་ལས་བརྒྱ་ཆའི་གྲངས་26.7གྱིས་མཐོ་བ་ཡོད། འཛད་སྤྱོད་བྱེད་ཚད་བརྟན་པོའི་ངང་འཕར་ཞིང་། 2017ལོའི་འཛད་སྤྱོད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་43.5ཟིན་ནས་འཛད་སྤྱོད་ཀྱི་གཏོང་སྒོས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་གྲངས་ཀྱི་53.6%བཟུང་བ་དང་། 2012ལོ་ནས་བཟུང་ལོ་6བསྟུད་མར་བསྡུར་གྲངས་བཟུང་ཚད་50%ཡིས་མཐོ་བ་ཡོད། གསུམ་ནི་འཛད་སྤྱོད་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ། 2017ལོའི་རྒྱལ་ཡོངས་ཀྱི་གྲོང་མིའི་ཨེན་ཀེར་རྟགས་གྲངས་29.3%ཟིན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱེ་བའི་20%ནས་30%བར་གྱི་འབྱོར་ལྡན་ཁོངས་སུ་སླེབས་ཡོད། ཞབས་ཞུའི་འཛད་སྤྱོད་ཀྱི་བསྡུར་གྲངས་བཟུང་ཚད་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ཞིང་། སློབ་གསོ་དང་། རིག་གནས། རོལ་རྩེད། སྨན་བཅོས། འཕྲོད་སྦྱོར་བཅས་ཀྱི་གཏོང་སྒོས་གྲོང་མིའི་འཛད་སྤྱོད་གཏོང་སྒོའི་ནང་བསྡུར་གྲངས་11.4%དང་7.9%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.2དང་0.3གྱིས་མཐོ་བ་ཡོད།
         འཛད་སྤྱོད་རིམ་སྤོར་རིགས་ཀྱི་ཚོང་ཟོག་བྲིན་ཚོང་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། འཕྲིན་གཏོང་ཡོ་བྱད་དང་། ལུས་རྩལ་རོལ་རྩེད་སྤྱོད་ཆས། བྱུག་རྫས་བཅས་ཀྱི་ཚོང་ཟོག་11.7%དང་། 15.6% 13.5%བཅས་སོ་སོར་འཕར་ཡོད། བཞི་ནི་གྲོང་མིའི་འཛད་སྤྱོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། 2017ལོར་རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་25974ཟིན་ནས་དོན་དངོས་ཐོག་7.3%འཕར་བ་དེ་དཔལ་འབྱོར་འཕར་ཚད་ལས་མཐོ་བ་ཡོད་པ་དང་། དེའི་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.5%དང་7.3%སོ་སོར་འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་ལོ་8བསྟུད་མར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ་ཡོད་པ་་་་་
    རེད།
         རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དྲུང་ཆེ་ལི་ཕུའུ་མིང་གིས་སྙན་ཞུ་ཡོང་བསྒྲགས་ཚོགས་འདུའི་ཐོག་གསུངས་དོན།“འཛད་སྤྱོད་འདུ་འགོད་ཆེན་པོ་དྲུག”དང“འཛད་སྤྱོད་ཆེར་གཏོང་གི་བྱ་སྤྱོད་ཆེ་གྲས་བཅུ”སོགས་སྲིད་ཇུས་དང་བྱ་ཐབས་ཀྱི་མཐུན་སྦྱོར་སྐུལ་འདེད་འོག་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་གྲོང་མིའི་འཛད་སྤྱོད་བྱེད་ཚད་རྒྱུན་མཐུད་ངང་རྒྱ་ཆེ་དང་རིམ་སྤོར་བྱུང་ནས་འཛད་སྤྱོད་ཀྱི་དགོས་མཁོ་རྒྱུན་མཐུད་ངང་འཕར་བ་དང་། འཛད་སྤྱོད་གྲུབ་ཆའི་རིམ་པ་མགྱོགས་མྱུར་འཕར་བ། འཛད་སྤྱོད་ཀྱིས་དཔལ་འབྱོར་ལ་ཡར་སྐུལ་བྱེད་པའི་ནུས་པ་མངོན་གསལ་དོད་དུ་འགྲོ་བ་སོགས་ཀྱི་དུས་མཚམས་གལ་ཆེན་དུ་སླེབས་ནས། གྲངས་འབོར་གྱི་དགོས་མཁོ་བསྐང་རྒྱུར་སྣང་ཆེན་བྱེད་པ་ནས་སྤུས་ཚད་ལ་དང་དོང་བྱེད་པའི་བར་འགྱུར་ལྡོག་བྱུང་བ་དང་། དངོས་པོའི་ཐོན་རྫས་འཛད་སྤྱོད་ནས་ཞབས་ཞུའི་འཛད་སྤྱོད་བྱེད་སྟངས་བར་འགྱུར་ལྡོག་བྱུང་བ། ལད་མོའི་རྣམ་པ་དང་གཙོ་རྒྱུན་རྗེས་འབྲང་རྣམ་པའི་འཛད་སྤྱོད་ནས་ཁྱད་ལྡན་ཅན་དང་སྣ་མང་ཅན་གྱི་འཛད་
    སྤྱོད་བྱེད་སྟངས་བར་འགྱུར་ལྡོག་མང་པོ་བྱུང་ཡོད། གོམ་སྟབས་རྗེས་མར་བྱ་ཐབས་སྣ་མང་སྤྱད་དེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐང་རྒྱུ་ཡིན་ཞིང་། གཅིག་ནི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་སྤུས་ཚད་མཐོ་བའི་ཐོན་རྫས་་
    དང་ཞབས་ཞུ་མཁོ་སྤྲོད་བྱེད་མང་དུ་གཏོང་རྒྱུར་ལྕག་སྐུལ་བྱེད་དགོས་པ་དང་། གཉིས་ནི་འཛད་སྤྱོད་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ་གྲོང་མིའི་འཛད་སྤྱོད་རྒྱ་ཆེ་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པ། གསུམ་ནི་སྤུས་ཚད་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་སྟེ་ཐོན་རྫས་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། བཞི་ནི་ཡིད་རྟོན་དང་ལྟ་སྡོམ་སོགས་ཁྲོམ་རའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འཛད་སྤྱོད་ཁྲོམ་རའི་ཁོར་ཡུག་བཟང་པོ་ཞིག་བཏོད་དགོས་པ། ལྔ་ནི་འཛད་སྤྱོད་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ནས་འཛད་སྤྱོད་པའི་འཛད་སྤྱོད་མྱོང་ཚོར་ཟབ་ཏུ་གཏོང་དགོས་པ་བཅས་སོ།།
      

    ཕྱོགས་བསྡུས་གསར་འགྱུར།