འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ནོར་ཝེའི་བྱང་སྣེའི་གྲོང་རྡལ་ཆུང་ངུའི"འཁྱགས་ཐོག་དར་གོས་ལམ་བུའི་ཕུགས་འདུན"

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་26ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཤིར་ཁེ་ནེ་སི་ནི་ནོར་ཝེའི་བྱང་རྒྱུད་ཀྱི་སྡིག་སྲིན་མང་བའི་རྒྱ་མཚོའི་གྲོང་ཆུང་ཞིག་ཡིན་པ་དང་དེ་ཉིད་འབྱུང་འགྱུར“འཁྱགས་ཐོག་དར་གོས་ལམ་བུའི”ལྟེ་བའི་གྲུ་ཁར་འགྱུར་རེ་ཡོད་པ་མ་ཟད། ཀྲུང་གོ་ནས་ཡོ་རོབ་ཏུ་བསྐྱོད་སའི་སྒོ་མོ་གསར་པར་འགྱུར་རྒྱུ་རེད།
         ནན་ཝ་ལེང་ཀེར་གསར་སྤེལ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཁེ་ཉི་སི·སི་ཐོར་སའེ་ཐེས་དགའ་སྤྲོ་དང་བཅས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“སྐབས་དེ་དུས་ལྕགས་ལམ་ཤར་གཏོང་ཐུབ་རྒྱུ་རེད། གསར་དུ་བསྐྲུན་རྒྱུའི་གྲུ་ཁར་གྲུ་ཆེན་ཡར་འགྲོ་མར་འགྲོ་བྱས་ནས་དོས་སྒམ་དབོར་འདྲེན་གྱི་བྲེལ་འཚུབ་རྣམ་པ་ཞིག་འཕྱུར་རྒྱུ་རེད”ཅེས་བཤད།
         ཤིར་ཁེ་ནེ་སི་ནི་ནོར་ཝེའི་ཧྥན་མཱ་ཁེ་ཅུན་ནན་ཝ་ལེང་ཀེར་གྲོང་ཁྱེར་གྱི་ལྟེ་བའི་གྲོང་རྡལ་ཡིན་པ་དང་ཤར་ལྷོའི་སྤྱི་ལེ་15སར་ཨུ་རུ་སུ་ཡོད་པ་དང་ནུབ་ལྷོའི་སྤྱི་ལེ་50སར་ཧྥིན་ལན་ཡོད་པ་རེད། བྱང་སྣེའི་མཁའ་ལམ་གྱིས་ལྟེ་བར་བྱེད་པའི“འཁྱགས་ཐོག་དར་གོས་ལམ་བུ”དེ་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོའི་མཉམ་མཐུད་མཉམ་འབྲེལ་གྱི་བཀྲག་མདངས་འཚེར་སར་འགྱུར་རྒྱུ་མ་ཟད། འཕེལ་རྒྱས་ཀྱི་གོ་སྐབས་གསར་པའང་བསུ་རྒྱུ་རེད།
         ཉེ་དུས། ཧྥིན་ལན་དང་ནོར་ཝེ་སྲིད་གཞུང་གིས་བྱང་སྣེ་ཁུལ་དུ་ལྕགས་ལམ་བསྐྲུན་ནས་ནོར་ཝེ་ཡི་ཤིས་ཁེ་ནེ་སི་དང་ཧྥིན་ལན་གྱི་ལུའོ་ཝ་ཉེ་སྨི་མཐུད་ནས་ཧྥིན་ལན་གྱི་ད་ལྟའི་ལྕགས་ལམ་དྲ་བ་ནས་འཁྱགས་རོམ་རྒྱ་མཚོ་བྱང་མའི་བར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལམ་ཐིག་གཏོད་རྒྱུ་རེད། འཆར་གཞི་དེར་ཁྱོན་ཡོ་སྒོར་དུང་ཕྱུར་30(ཨ་སྒོར་དུང་ཕྱུར་37དང་མཚུངས་པ)གཏོང་རྒྱུ་དང་གལ་ཏེ་དུས་བཀག་ལྟར་ལས་འགོ་ཚུགས་ཐུབ་ན། མགྱོགས་ན་2030ལོར་བསྐྲུན་ཐུབ་རྒྱུ་ཡིན་པ་རེད།
         “བྱང་སྣེའི་བར་ཁྱམས”དེ་བསྐྲུན་རྗེས་ཧྥིན་ལན་གྱི་རྒྱལ་ས་ཧེར་སིན་ཁི་ནས་ཨེ་སི་ནི་ཡའི་རྒྱལ་ས་ཏུ་པོ་ལིན་བར་གྱི་མཚོ་གཏིང་ཕུག་ལམ་དང་མཐུད་རྒྱུ་དང་ཡོ་རོབ་ཀྱི་སྐམ་ས་ཆེ་མོ་དང་འཁྱགས་རོམ་རྒྱ་མཚོ་བྱང་མ་དང་འབྲེལ་རྒྱུ་མ་ཟད། ཡང་བྱང་སྣེའི་བྱང་ཤར་གྱི་མཁའ་ལམ་དང་ཨེ་ཤེ་ཡ་བྱང་ཤར་དང་མཉམ་མཐུད་བྱ་རྒྱུ་རེད།
         སུའུ་དབྱི་ཧྲེ་མི་བཟོས་ཆུ་བོ་བརྒྱུད་པའི་སྲོལ་རྒྱུན་མཚོ་ཐོག་སྐྱེལ་འདྲེན་ལམ་ཐིག་དང་བསྡུར་ན་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལམ་ཐིག་གསར་པ་དེའི་ལམ་ཐག་ཐུང་བ་ཡོད་པ་མ་ཟད། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ཟོག་འདྲེན་ལམ་བུའི་གདམ་ག་གསར་ཤོས་སུ་འགྱུར་རྒྱུ་དང་འབྲེལ་ཤིས་ཁེ་ནི་སི་ཡང“བྱང་སྣེའི་བར་ཁྱམས”དང“འཁྱགས་ཐོག་དར་གོས་ལམ་བུ”འབྲེལ་བའི་འགག་རྩའི་འབྲེལ་མཚམས་སུ་འགྱུར་རྒྱུ་རེད།
         ནན་ཝ་ལེང་ཀེར་གྲོང་ཁྱེར་གྱི་ཧྲི་ཀྲང་ལུའུ་ནེ·ལ་ཧྥེར་སན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“བྱང་སྣེའི་ལྕགས་ལམ་རྣམ་གྲངས་དང‘རྒྱུད་གཅིག་ལམ་གཅིག’གྲོས་འགོའི་ནང་གི་བྱང་སྣེའི་མཁའ་ལམ་གསར་སྤེལ་ཟུང་འབྲེལ་དམ་ཟབ་ཐུབ་རྒྱུ་དང་འབྲེལ(ཤིར་ཁོ་ནེ་སི)པཱ་ལུན་ཉིང་ལག་གྲུ་ཁ་ཆེ་མོ་བསྐྲུན་རྒྱུའི་འཆར་གཞི་དང་ཡང་ཟུང་སྦྲེལ་མཐུད་ཐུབ་རྒྱུ་རེད”ཅེས་བཤད།
         ལཱ་ཧྥེར་སན་གྱིས“བྱང་སྣེའི་འབྱུང་འགྱུར་གྱི་དངོས་ཟོག་སྐྱེལ་འདྲེན་འཕེལ་རྒྱས་ལ་ཡོ་རོབ་ཏུ་མགྱོགས་མྱུར་འབྱོར་ཐུབ་པའི་ལྕགས་ལམ་ཞིག་ཡོད་དགོས། ཀྲུང་གོ་ནས་ཡོང་སྐབས་ཤིར་ཁོ་ནེ་སི་ནི(ནུབ་ཕྱོགས་རྒྱལ་ཁབ)གྲུ་ཁ་དང་པོ་དེ་ཡིན་པར་བརྟེན་ཀྲུང་གོ་དང་། ནོར་ཝེ། ཧྥིན་ལན་བཅས་སྦྲེལ་བའི་ལམ་ཐིག་འདི་ཧ་ཅང་གི་གལ་འགངས་ཆེ་བ་ཞིག་ཡོད”ཅེས་བཤད།
         ཀྲུང་གོ་སྲིད་གཞུང་གིས་འདི་ལོའི་ཟླ་དང་པོའི་ནང་བཀྲམ་པའི་《ཀྲུང་གོའི་བྱང་སྣེའི་སྲིད་ཇུས་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་རྒྱུའི་མཉམ་ལས་ཀྱི་གྲོས་འགོ་གལ་ཆེན་བཏོན་པ་དང་ཕྱོགས་ཁག་དང་མཉམ་དུ“འཁྱགས་ཐོག་དར་གོས་ལམ་བུ”བསྐྲུན་ནས་བྱང་སྣེའི་ས་ཁུལ་དང་མཉམ་མཐུད་མཉམ་འབྲེལ་བྱ་རྒྱུ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་མཉམ་ལས་ཀྱི་གོ་སྐབས་མཁོ་འདོན་བྱ་རྒྱུ་ཡིན་པ་བཏོན་ཡོད་། 
      

    ཕྱོགས་བསྡུས་གསར་འགྱུར།