འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མངོན་འགྱུར་བ་ཝང་ལགས་ཀྱིས་དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་གྱིས་རང་ཉིད་ལ་
    ཡོང་འབབ་མི་ཉུང་བ་ཞིག་བྱུང་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་26ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “ལོ་གསར་རིང་སྔར་རྒྱུན་དང་མི་འདྲ་བར། ཉིན་ལྟར་མགྲོན་ཁང་ནང་ཁང་པ་མངགས་མཁན་ཧ་ཅང་མང་པོ་འདུག ཚང་མས་དུས་ཆེན་གཉིས་མཉམ་དུ་དགའ་གཏོང་བྱས་པས་ཧ་ཅང་འཁྲུག་ཆ་དོད་པོ་འདུག”ཅེས་ལྷ་ས་བསྟན་པའི་མུ་འབྲེལ་མགྲོན་ཁང་གི་སྦྱིན་བདག་ཝང་ལགས་ཀྱིས་དེ་ལྟར་བཤད།
         སྐུ་ཞབས་ཝང་ལགས་ཀྱི་སྐད་ཆ་དེ་ཐོག་ནས་དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་བའི་ཚ་རླབས་ཤིག་འཕྱུར་བ་མངོན་ཐུབ། ཟླ་1ཚེས་31ཉིན་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཟླ་2ཚེས་1ཉིན་ནས་ཟླ་4ཚེས་30ཉིན་བར་ལྗོངས་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་115ཡི་སྒོ་འཛིན་མི་བསྡུ་རྒྱུ་མ་ཟད། གསོལ་མགྲོན་ཁང་ནང་ཞག་སྡོད་དང་། མཁའ་འགྲུལ་འགྲིམ་འགྲུལ། ཡུལ་སྐོར་རླངས་འཁོར་སོགས་ཐད་གཟིགས་སྐྱོང་བྱ་ཐབས་སྤྱོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         གནས་ཚུལ་དེ་སྤེལ་མ་ཐག ཡུལ་སྐོར་བ་མང་པོ་ཞིག་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་། གྲངས་གཞི་ལས་མངོན་པ། ཟླ་2ཚེས་15ནས་21ཉིན་བར་རིམ་རྩིས་བྱས་ན་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་45.85ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་29984བྱུང་བ་དེ་དུས་མཚུངས་ལས་48.2%དང་15.6%ཁག་སོ་སོར་འཕར་ཡོད་པ་རེད།
         དགུན་དུས་བོད་ལྗོངས་སུ་ཡོང་མཁན་མང་དུ་ཕྱིན་ནས་བོད་དུ་ཡུལ་སྐོར་གྱི་ཚོང་གཉེར་བྱེད་པའི་གོ་སྐབས་མང་པོ་ཞིག་སྦྱིན་ཡོད། རིན་གོང་ཁེ་བ་དང་། ཁོར་ཡུག་ལེགས་པ། གནས་ས་ལེགས་པ་བཅས་ཀྱི་མགྲོན་ཁང་ཡུལ་སྐོར་བ་མང་པོ་ཞིག་གི་ཞག་སྡོད་ཀྱི་གདམ་ག་ཡག་ཤོས་སུ་གྱུར་ཡོད།
         ཝང་ལགས་ཀྱི་མིང་ཆ་ཚང་ལ་ཝང་ཀྲི་ཁྲེང་ཞེས་པ་དང་ཁོང་ནི་མངོན་འགྱུར་བ་ཞིག་ཡིན། མིག་སྔར་ལྷ་ས་གནའ་གྲོང་ཁུལ་དུ་གཞི་ཁྱོན་འབྲིང་ཙམ་ཡོད་པའི་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་སྐྱོང་བྱེད་ཀྱི་ཡོད། དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་མ་གཞི་བྱས་ན་ཝང་ལགས་ཕ་ཡུལ་དུ་ལོག་ནས་དུས་ཆེན་གཏོང་དགོས་བསམ་རུང་། ཉིན་ལྟར་མགྲོན་ཁང་གི་ཚོང་ཧ་ཅང་ཡག་པོ་ཡོད་སྟབས་ཁོང་གིས་གནམ་གྲུའི་སྤ་སེ་ཕྱིར་སློག་བྱས་ཏེ་ལྷ་སར་མགྲོན་པོ་ཚོ་དང་མཉམ་དུ་ལོ་གསར་བཏང་ནས་དགུན་དུས་བོད་ལྗོངས་ཀྱི་ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་ཕན་པ་མྱོང་རོལ་བྱ་རྒྱུའི་ཐག་བཅད།
         གནམ་གང་གི་དགོང་མོར། ས་ཕྱོགས་ཁག་ནས་ཡོང་བའི་སྐུ་མགྲོན་ལ་སྣེ་ལེན་ཞུ་ཆེད། ཁོང་གིས་སྐུ་མགྲོན་ཚོ་དང་མཉམ་དུ་ཆུ་མོག་བཟོས། འགྲུལ་པ་རྣམས་ཞིང་ཆེན་མི་འདྲ་བ་ནས་ཡོང་བ་ཤ་སྟག་ཡིན། ཁོང་ཚོའི་ཁྲོད་རྒྱ་རིགས་དང་། སོག་རིགས། བོད་རིགས། ཐུའུ་ཅ་རིགས་སོགས་མི་རིགས་མང་པོ་ཡོད། ཉིན་ལྟར་དགོང་མོར་མི་བཅུ་གྲངས་ཁ་ཤས་ཀྱིས་སྒྲོག་ཙེ་གཅིག་བསྒྲིགས་ནས་ཚལ་སྣ་ཁ་བརྒྱད་དགུ་བཟོས་པ་མ་ཟད། ད་དུང་ཨ་རག་འཐུང་གིན་སྒྲུང་ཤོད་པའམ་ཡང་ན་རོལ་རྩེད་རྩེད་ནས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།
          ལོ་གསར་ཚར་ལ་ཉེ་ནའང་ཝང་ལགས་ཀྱི་མགྲོན་ཁང་གི་ཚོང་སྔར་བཞིན་ཡག་པོ་ཡོད། ཐོག་སོ་བཞི་པའི་ཁང་པའི་ནང་ཁང་མིག་18ཡོད། དེའི་ཁྲོད་ཚད་ལྡན་ཁང་པ་དང་། ཉལ་ཁྲི་ཆེན་པོའི་ཁང་པ། ཉལ་ཁྲི་གསུམ་གྱི་ཁང་པ། གོང་ཁེའི་ཁང་པ་བཅས་ཡོད་པས་ཉིན་ལྟར་འགྲུལ་པ་ཡོང་མཁན་རྒྱུན་ཆད་རྒྱུ་མེད། ཁང་པ་མང་པོ་ཞིག་དྲ་ཐོག་ནས་མངགས་ཐོ་བྱེད་ཆོག ཝང་ལགས་ཀྱིས་ཉིན་ལྟར་འགྲུལ་པར་ཁང་པ་ངོ་སྤྲོད་བྱེད་ཀྱི་ཡོད།
         “ལོ་ལྟར་དུས་ཚོད་ལ་གཞིགས་ནས་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་མང་པོ་ཡོད། སྤྱིར་ན། ལོ་ལྟར་གྱི་ཟླ་བ་11པ་ནས་སང་ལོའི་ཟླ་བ་4པའི་ཟླ་མཇུག་བར་ཡུལ་སྐོར་དུ་ཡོང་མཁན་མང་པོ་མེད་པས་ཚོང་ཡང་ཡག་པོ་མེད། ན་ནིང་ཟླ་བ་གཅིག་རིང་སྒོར་ཁྲི་གཅིག་ནས་གཉིས་བར་མ་གཏོགས་མི་འདུག” ཅེས་ཝང་ལགས་ཀྱིས་བཤད།
         ད་ཆ་ཚོང་ལམ་འགྲོ་ཆེ་བས་ཝང་ལགས་ཀྱི་སེམས་ཁྲལ་ཆུང་དུ་ཕྱིན་པ་མ་ཟད། འདི་ལོའི་མགྲོན་ཁང་གི་མདུན་ལམ་ལའང་ཡིད་ཆེས་ལྡབ་བརྒྱ་འཕེལ་ཡོད། ཁོང་གི་བསམ་པར་འདི་ལོའི་ཟླ་2ཚེས་1ནས་ཚེས་21ཉིན་བར་མགྲོན་ཁང་དུ་ཉིན་ལྟར་ཁང་པ་མི་རེ་ངོ་རེའི་ནང་སྡོད་མཁན་ཡོད་པས། བསྡོམས་ཡོང་འབབ་སྒོར་ཁྲི་4ཙམ་བྱུང་། གལ་སྲིད་ཚོང་ལམ་འགྲོ་དེ་ལྟར་རྒྱུག་ན་ཡུལ་སྐོར་བ་དཀོན་པའི་དུས་སུའང་ལོ་གཅིག་གི་ཁང་གླ་ཐོན་པའི་ཡོང་འབབ་ཡོང་རྒྱུ་རེད་འདུག་སྙམ།
          འདི་ལོ་ནི་ཝང་ལགས་ལྷ་སར་སླེབས་པའི་ལོ་གསུམ་པ་དེ་ཡིན་ལ། ཁོང་གི་ལས་གཏོད་ཕུགས་འདུན་གངས་ལྗོངས་ས་མཐོར་བཞད་པའི་དུས་ཚིགས་ཤིག་ཀྱང་ཡིན། དུས་ཚིགས་འདིར་ཝང་ལགས་ལ་སེམས་ཁྲལ་གང་ཡང་མེད། “དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་བྱ་ཐབས་རབ་དང་རིམ་པས་ཁོང་ལ་གཞན་དང་མི་འདྲ་བའི་སྤྲོ་སྣང་ཞིག་སྦྱིན།
      

    ཕྱོགས་བསྡུས་གསར་འགྱུར།