འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འཆི་མེད་རྡོ་རྗེ། ལོ་29རིང་གངས་རྒྱུད་སྦྲག་ལམ་བརྟན་སྲུང་བྱེད་མཁན་གྱི་ལྷག་བསམ་དག་པའི་ཕོ་ཉ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའོ་ཝུན་ཅུན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་25ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “ལོ་29བསྐྱོད་པའི་གངས་རྒྱུད་སྦྲག་ལམ་ནི་ཡུལ་པོ་དང་གྲོགས་མེད་ཁེར་རྐྱང་ཞིག་ཡིན་མོད། འོན་ཀྱང་དེ་ནི་ངའི་གདམ་ག་ཡིན། དེར་འགྱོད་པ་སྐྱེ་མྱོང་མེད”ཚེས་21ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུས་གཙོ་གཉེར་བྱས་པའི་བློ་མཐུན་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་པེ་ཅིང་རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་དུ་འཚོགས་པ་དང་། སི་ཁྲོན་དཀར་མཛེས་རྫོང་སྦྲག་སྲིད་ཡན་ལག་ཀུང་སིའི་ཐག་རིང་སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་འཆི་མེད་རྡོ་རྗེས་སྙན་ཞུའི་ཚོགས་འདུའི་ཐོག་སེམས་འགུལ་ཆེན་པོ་ཐེབས་པའི་ངང་གངས་རྒྱུད་སྦྲག་ལམ་གྱི་ཧང་སང་དགོས་པ་དང་མི་སེམས་འགུལ་བའི་བྱས་རྗེས་ཞིབ་པར་བཤད།
         སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རུ་ལམ་ཚད་ཧྲིལ་པོ་སྤྱི་ལེ་1208ཟིན་པ་དང་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ཡན་ཟིན་པའི་གངས་རྒྱུད་སྦྲག་ལམ་ཞིག་ཡོད། ལོ་64ཡི་རིང་སྦྲག་ལམ་དེར་སྦྲག་སྐྱེལ་རླངས་འཁོར་ལོ་ཧྲིལ་པོ་འགྲོ་འོང་བྱས་ཏེ་ཏང་ཀྲུང་དབྱང་གི་གསུང་སྒྲ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྦྲག་བསྐུར་གངས་ལྗོངས་ས་མཐོའི་ས་ཆ་ཁག་ཚང་མར་བསྐྱལ་ནས་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
         གངས་རྒྱུད་སྦྲག་ལམ་དེ་ས་བབ་མཐོ་ཤོས་དང་ཁོར་ཡུག་རྙོག་འཛིང་ཆེ་བའི་དཀར་མཛེས་རྫོང་ནས་སྡེ་དགེ་རྫོང་བར་དུ་ཡོད། ལོ་29ཡི་རིང་འཆི་མེད་རྡོ་རྗེས་ཟླ་བ་མི་རེ་ངོ་རེར་ཉུང་མཐར་ཡང་འགྲོ་སྐྱོད་ཐེངས་20བྱེད་པ་དང་བསྐྱོད་པའི་སྤྱིའི་ལམ་ཚད་ས་གོ་ལའི་ཐིག་དམར་ལ་སྐོར་བ་35རྒྱག་པ་དང་མཚུངས་ཀྱི་ཡོད། ཁོང་གིས་བཏང་བའི་སྦྲག་སྐྱེལ་རླངས་འཁོར་ལ་འགན་འཛོལ་དོན་རྐྱེན་ཐེངས་གཅིག་ཀྱང་ཐོན་མྱོང་མེད་པར་སྦྲག་སྐྱེལ་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད།
         གངས་རྒྱུད་སྦྲག་ལམ་དེར་ཉེན་ཁ་ཇི་ཙམ་དང་དཀའ་ངལ་ཇི་ཙམ་ཡོད་དམ་ཞེ་ན། འཆི་མེད་རྡོ་རྗེས་ལམ་དེར་ལོ་ཕྱེད་ཙམ་གངས་འཁྱགས་ཀྱིས་བཀླུབས་ཀྱི་ཡོད། དབྱར་ཁ་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཡང་ཡང་ཐོན་གྱི་ཡོད་པ་དང་། དགུན་ཁ་དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་གི་སུམ་ཅུ་བཞི་བཅུ་ཙམ་ཟིན་ནས་ལམ་ངོས་ཀྱི་གངས་གསོག་མཐུག་ཚད་སྨི་ཕྱེད་ཀ་ཙམ་ཟིན་གྱི་ཡོད། གལ་ཏེ་རླངས་འཁོར་གྱི་འཁོར་ལོ་གངས་ལ་དིམ་ན་དེ་ནས་དོན་ཁག་པོ་ཡོད། འདྲེད་འགོག་ལྕགས་སྒྲོག་བསྡམས་ནའང་ལམ་བར་དུ་རླངས་འཁོར་ཡང་སེ་གཡང་ནས་ལྷུང་གི་ཡོད་ཅེས་བཤད།
         ཁྲོན་བོད་གཞུང་ལམ་གྱི་ཁོར་ཡུག་རྙོག་འཛིང་ཆེ་བ་དང་གནམ་གཤིས་ངན་པ་མ་ཟད། ད་དུང་དེ་སྔ་ཇག་པའང་ཡོད། 2012ལོའི་ཟླ་7པར་འཆི་མེད་རྡོ་རྗེས་སྦྲག་སྐྱེལ་རླངས་འཁོར་བཏང་ནས་རྒྱལ་ལམ་318ལམ་ཐིག་གཡག་རྔ་གྲོང་ཁྱེར་ཐེན་ཆོན་རྫོང་ཁོངས་སུ་སྐྱོད་སྐབས་ཇག་པ་12ཀྱིས་རླངས་འཁོར་གྱི་མཐའ་ནས་བསྐོར། འཆི་མེད་རྡོ་རྗེར་སྦྲག་སྐྱེལ་རླངས་འཁོར་སྲུང་སྐྱོང་བྱ་ཆེད་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་སྐྱེལ་སྐབས་ལུས་ལ་གྲི་17ཕོག་པ་དང་། རྩིབ་མ་བཞི་ཆག་པ། ཐོད་རུས་ཕྲན་བུ་ཆག་ཡོད། རྨས་སྐྱོན་ཚབས་ཆེན་ཕོག་མོད། འོན་ཀྱང་འཆི་མེད་རྡོ་རྗེས་དཀའ་ངལ་ལ་དཔའ་མ་ཞུམ་པར་ལོ་གཅིག་སོང་རྗེས་ལས་རོགས་དང་ནང་མི་ཚོའི་ཁ་ཏར་མ་ཉན་པར་སླར་ཡང་སྦྲག་སྐྱེལ་རླངས་འཁོར་གཏོང་བར་ཕྱིན།
         ལོ་29ཡི་རིང་འཆི་མེད་རྡོ་རྗེས་སྦྲག་སྐྱེལ་ལམ་བར་དུ་ལྟོ་ཆས་ཡག་པོ་ཞིག་ཐེངས་གཅིག་ཀྱང་ཟ་མྱོང་མེད་པ་དང་ཁྱིམ་དུ་ལོ་གསར་གྱི་གནམ་གང་ཐེངས་5ལས་གཏོང་མྱོང་མེད། “ངའི་ནང་མི་དང་ལས་རོགས་ཕུད་བརྩེ་ཤོས་ནི་སྦྲག་ལམ་ལམ་རྒྱུད་ཀྱི་ལམ་སྐྱོང་བ་ཚོ་ཡིན”ཞེས་འཆི་མེད་རྡོ་རྗེས་བཤད། གལ་ཏེ་སྦྲག་སྐྱེལ་རླངས་འཁོར་དུས་ཐོག་ཏུ་ལམ་སྐྱོང་ས་ཚིགས་བརྒྱུད་མེད་ན་ཁོང་ཚོས་རླངས་འཁོར་ལ་གནས་ཚུལ་ཐོན་པའི་སེམས་ཁྲལ་བྱས་ནས་འཚོལ་ཞིབ་བྱེད་པར་ཡོང་གི་ཡོད། ང་ཚོས་ཀྱང་ཁོང་ཚོར་ནང་མིས་བསྐུར་བའི་ཡི་གེ་དང་། སྔོ་ཚལ་སོས་པ། རྒྱུན་མཁོའི་དངོས་རྫས་བཅས་སྐྱེལ་རོགས་བྱེད་ཀྱི་ཡོད་ཅེས་ཁོང་གིས་བཤད།
         འཆི་མེད་རྡོ་རྗེས་ས་བབ་སྨི་6000ལྷག་ཙམ་ཡོད་པའི་སྡེ་དགེ་ཁྲོ་ལའི་ལ་སྒང་ནི་འཚོ་ཐབས་དཀའ་བའི་ཁུལ་ཡིན་པ་དང་སྦྲག་སྐྱེལ་རླངས་ཁོར་གྱིས་བསྐྱལ་བའི་ནང་མིའི་ཡི་གེ་དང་ཚགས་པར་ནི་ལོ་མང་དེར་བཅའ་སྡོད་བྱེད་མཁན་ལམ་སྐྱོང་བ་ཚོའི་བསམ་པའི་རྒྱགས་ཕྱེ་ཡག་ཤོས་དེ་རེད་ཅེས་བཤད།
        “2017ལོའི་ཟླ་9ཚེས་25ཉིན་སྡེ་དགེ་ཁྲོ་ལའི་ཕུག་ལམ་ཤར་གཏོང་ཐུབ་པའི་ཁ་ཉིན་ནི་ང་ཚོས་སྦྲག་སྐྱེལ་རླངས་འཁོར་བཏང་ནས་སྡེ་དགེ་ཁྲོ་ལ་རྒྱག་ཐེངས་མཇུག་ཤོས་དེ་རེད། ལམ་སྐྱོང་བ་ཚོ་དང་ཁ་གྱེས་པའི་མཚམས་དེར་ང་མིག་ཆུ་ཤོར་བྱུང”སྦྲག་སྐྱེལ་རླངས་འཁོར་བཏང་ནས་སྡེ་དགེ་ཁྲོ་ལའི་ཕུག་ལམ་ཐེངས་དང་པོ་བརྒྱུད་སྐབས་སྐར་མ་12ལས་འགོར་མ་བྱུང་ཞེས་འཆི་མེད་རྡོ་རྗེས་བཤད།
         འཆི་མེད་རྡོ་རྗེའི་རླངས་འཁོར་གཏོང་རྩལ་བྱང་ཆུབ་པ་དང་ལམ་ཁ་རྒྱུས་མངའ་ཆེན་པོ་ཡོད་པས་ཁྲོན་བོད་གཞུང་ལམ་དུ་ཁོང་ངོ་མི་ཤེས་མཁན་གཅིག་ཀྱང་མེད། མི་མང་པོ་ཞིག་གིས་ཁོང་ལ་ལས་ཀ་ལས་སླ་བ་ཞིག་དང་གླ་ཆ་མང་བ་ཞིག་བརྗེ་རྒྱུའི་གྲོས་འགོ་བཏོན་ཀྱང་ཁོང་གིས་ཁས་བླངས་མེད། “སྦྲག་སྐྱེལ་རླངས་འཁོར་དུ་བླུགས་པ་ནི་ཏང་གི་ཚགས་པར་དང་། ཏང་གི་དུས་དེབ། དེ་བཞིན་ཡིག་ཆ་གལ་ཆེན། ཕྲུ་གུ་ཚོའི་མཐོ་རྒྱུགས་ཀྱི་སློབ་བསྡུའི་བརྡ་ཐོ། རི་ལྟར་སྤུངས་པའི་དྲ་ཚོང་བསྐུར་མ་བཅས་རེད། དེ་དག་ཚང་མ་ནི་ཡུལ་མི་སྤུན་ཟླ་ཚོའི་རེ་སྒུག་དང་རེ་བ་རེད”ཅེས་ཁོང་གིས་བཤད།
         དྲ་ཚོང་དར་བ་དང་སྦྲགས། ས་མཐོའི་སྦྲག་སྐྱེལ་བསྐུར་མའང་ཇེ་མང་དུ་སོང་ཞིང་། “མི་སེར་ཚོས་བསྐུར་མ་ཁ་འབྱེད་སྐབས་ཀྱི་རྣམ་པ་མཐོང་སྐབས་ངའི་སེམས་ལ་ཧ་ཅང་དགའ་པོ་འདུག གངས་རྒྱུད་སྦྲག་ལམ་གྱི་ལོ་29ཡི་རིང་། ངས་མེས་རྒྱལ་གྱིས་བོད་རིགས་ས་ཁུལ་ལ་རྒྱབ་སྐྱོར་ཆེན་པོ་གནང་ལུགས་བདེན་དཔང་བྱེད་ཐུབ་ལ་ཕ་ཡུལ་གྱི་ཉིན་རེ་ལས་མ་འདས་པའི་འཕེལ་རྒྱས་ཀྱང་མཐོང་བྱུང”ཞེས་འཆི་མེད་རྡོ་རྗེས་བཤད།
          ད་ཆ། འཆི་མེད་རྡོ་རྗེ་གནས་སའི་སྦྲག་སྐྱེལ་རླངས་འཁོར་ཚོགས་ཆུང་གི་ཁ་ལོ་བའི་ཁྲོད་ལོ་ན་ཆེ་ཤོས་55དང་ལོ་ཆུང་ཤོས་25ལས་ཟིན་གྱི་མེད། ཁོང་ཚོས་གངས་རྒྱུད་སྦྲག་ལམ་དེ་བརྟན་སྲུང་དང་དེར་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཡོད། 2017ལོར་ཚོགས་ཆུང་དེས་བདེ་འཇགས་ལྡན་པའི་ངང་སྤྱི་ལེ་ཁྲི་43.5བསྐྱོད་པ་དང་སྦྲག་བསྐུར་ཁྲི་59.1སྐྱེལ་འདྲེན་བྱས་པར་གལ་ཆེའི་འཕྲིན་སྐྱེལ་གཅིག་ལའང་ནོར་འཛོལ་ཤོར་མེད།
         “ང་ནི་ཁམས་པའི་ཕོ་གཞོན་འཁྲུལ་མེད་ཅིག་ཡིན། མི་སེར་ཚོས་སྦྲག་སྐྱེལ་རླངས་འཁོར་དང་ང་མཐོང་རིམ་བཞིན་ཏང་དང་རྒྱལ་ཁབ་ཀྱིས་ས་ཆ་དེ་གར་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་གནང་གི་ཡོད་པ་ཤེས་ཀྱི་ཡོད། ང་ཚོ་མི་རེ་ངོ་རེ་ཚང་མ་བོད་རིགས་ས་ཁུལ་གྱི་དུས་བདེ་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་མཁན་ཤ་སྟག་ཡིན། ང་རང་ཉིད་ཀྱི་ལས་ཀར་དགའ་པོ་ཡོད”ཅེས་འཆི་མེད་རྡོ་རྗེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།