འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།"མང་ཚོགས་དབུལ་སྒྲོལ་མ་ཐུབ་བར་ང་གྲོང་ཚོ་ནས་ཁ་འབྲལ་གྱི་མིན"

    —— བོད་རིགས་བུད་མེད་ལས་བྱེད་པ་བསོད་ནམས་དབྱངས་སྐྱིད་ཀྱི་དབུལ་སྐྱོར་ལམ་བུ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་26ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    བསོད་ནམས་དབྱངས་སྐྱིད་ཀྱིས(གཡས)གྲོང་མི་དང་སྒྲིག་ཁོངས་འཆར་འགོད་གྲོས་བསྡུར་བྱེད་བཞིན་པ།
    བསོད་ནམས་དབྱངས་སྐྱིད་ཀྱིས(གཡས)གྲོང་མི་དང་སྒྲིག་ཁོངས་འཆར་འགོད་གྲོས་བསྡུར་བྱེད་བཞིན་པ།
         མི་དམངས་དྲ་བའི་འཕྲིན། ས་མཐོའི་དཔྱིད་འགོར་ལྷ་ས་སྐྱིད་ཆུ“དུས་བཞིའི་བཀྲ་ཤིས་གྲོང་ཚོའི”འགྲམ་ནས་དལ་བུར་རྒྱུག་པ་དང་། ཉི་འོད་རབ་ཏུ་འཕྲོ་བའི་ལྗང་དམར་དཀར་སྔོའི་ཚོན་མདོག་སྣ་བཞིའི་བོད་བཟོའི་ཁང་པའི་སྟེང་དམར་མདངས་བཀྲ་བའི་རྒྱལ་དར་དང་ཚོན་མདོག་སྣ་ལྔའི་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
         ལོ་53ལ་སླེབས་པའི་བོད་རིགས་ཨ་ཅག་ཨ་ཉིས་ཞོགས་ཟས་བཟས་རྗེས་ཐགས་ཁྲིའི་སྟེང་འཛེགས་ནས་སྣམ་བུ་འཐག་བཞིན་ཡོད། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨང་དང་པོ་བསོད་ནམས་དབྱངས་སྐྱིད་ཨ་ཉིའི་གམ་དུ་ལངས་ནས་སྣམ་བུར་ལྟ་བཞིན་གྲོང་ཚོ་ཡོངས་ཀྱི་མི་རྣམས་དབུལ་སྒྲོལ་སྣེ་ཁྲིད་བྱེད་པའི་ཡིད་ཆེས་དེ་བས་བརྟན་དུ་སོང་།
         བསོད་ནམས་དབྱངས་སྐྱིད་གྲོང་གསེབ་ཏུ་ལས་ཀ་བྱས་ནས་ལོ་16སོང་བ་དང་གཞི་རིམ་ལས་དོན་ཐད་དཀའ་སྡུག་སྣ་ཚོགས་འཕྲད་མོད། འོན་ཀྱང་ཁོང་གིས་སྔ་ཕྱི་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར“མང་ཚོགས་དབུལ་སྒྲོལ་མ་ཐུབ་བར་ང་གྲོང་ཚོ་ནས་ཁ་འབྲལ་གྱི་མིན”ཞེས་བརྗོད་ཀྱི་ཡོད།
         དབུལ་ཕོངས་ཀྱི་བག་ཆགས་དེ་ཚེ་གང་བརྗེད་པར་དཀའ།
         བསོད་ནམས་དབྱངས་སྐྱིད་ཆུང་དུས་ནས་འབྱོར་འབྲིང་ཁྱིམ་ཚང་ཞིག་དུ་འཚར་ལོངས་བྱུང་བ་དང“དབུལ་ཕོངས”ཀྱི་འཚོ་བ་བསྐྱལ་མྱོང་མེད། ཡིན་ནའང་1996ལོར་ཕ་མ་གཅིག་ལས་མེད་པའི་ཁྱིམ་ཚང་ནང་ཚར་ལོངས་བྱུང་བའི་སློབ་གྲོགས་བུ་ཞིག་གི་གནས་ཚུལ་ལས་ཁོང་ལ་དབུལ་ཕོངས་ཀྱི་བག་ཆགས་གཏིང་ཟབ་བྱུང་ཡོད། “སྨི་ངོས་གྲུ་20ཡང་མེད་པའི་ཁང་ཆུང་ནང་ཉལ་ཁྲི་གཉིས་དང་། རྐུབ་སྟེགས་གཅིག ལྕོག་ཙེ་གཅིག་ཕུད་ཁྱིམ་ཆས་གཞན་གང་ཡང་མེད་ལ་ཉིན་ཤས་བེད་སྤྱད་མེད་པའི་ལྟོ་སྣོད་ངོས་སུ་ཐལ་རྡུལ་གྱིས་ཁེངས་ནས་ཡོད་པའི”སློབ་གྲོགས་དེའི་ཁྱིམ་ཚང་གི་དཀའ་སྡུག་དུས་ད་ལྟའང་བསོད་ནམས་དབྱངས་སྐྱིད་ཀྱི་དྲན་ཤེས་ངོས་སུ་གསལ་ལྷང་ངེར་དྲན་གྱི་ཡོད།
         སློབ་གྲོགས་དེས་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་ཞལ་འདེབས་ཕུལ་བའི་འབྲས་དང་། གྲོ་ཞིབ། སྣུམ་བཅས་བླངས་ཏེ་ངུ་བཞིན་དུ་ཚང་མར་ཐུགས་རྗེ་ཆེ་ཞུས་སོང”ཞེས་ཤོད་བཞིན་བསོད་ནམས་དབྱངས་སྐྱིད་ཀྱིས་སྐབས་དེ་དུས་ངའི་སེམས་ནང་སྐྱོ་སྣང་ཆེན་པོ་སྐྱེས་བྱུང“དུས་དེ་ནས་བཟུང་ངས་དབུལ་པོའི་ཆེད་དུ་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱི་ལས་བཟང་སྒྲུབ་རྒྱུའི་ཐག་བཅད་པ་ཡིན”ཞེས་བཤད།
         2002ལོར་བསོད་ནམས་དབྱངས་སྐྱིད་ཧུའུ་ནན་ཁྲང་ཧྲ་དམངས་སྲིད་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་རྗེས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་དུ་ལས་བགོས་བརྒྱབ་ནས་ཤང་གྲོང་ལས་བྱེད་པ་ཞིག་ཏུ་གྱུར། ཁོང་གིས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཤང་ཀྲང་དང་མཉམ་དུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་དབུལ་པོ་དེ་བས་མང་བ་དང་འབྲེལ་གཏུག་བྱས།
         ཚ་རགས་ཤང་འདི་ཉིད་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་ཤུར་ཁུལ་དུ་གནས་པ་དང་ཞིང་ཁ་རི་འདབས་སུ་ཆགས་ཤིང་། དཔྱིད་དུས་བཏབ་པའི་ས་བོན་ཆར་པ་བབས་རྗེས་གཞི་ནས་མྱུ་གུ་འབུས་ཀྱི་ཡོད་པས་ཡུལ་དེ་ནི་ཆུ་ཤུར་རྫོང་ནུབ་རྒྱུད་ཀྱི་ཤང་དབུལ་ཤོས་དེ་རེད།
         ཤང་དུ་བསྐྱོད་རིམ་བཞིན་ཁོང་གིས་མང་ཚོགས་དབུལ་པོའི་སྐད་ཆ་དང་རྣམ་འགྱུར་ནས་ཁོང་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་འདོད་བྱེད་པ་མྱོང་ཚོར་ཐུབ་ཀྱི་ཡོད། 
         དབུལ་སྐྱོར་དཀའ་སེལ་བྱ་རྒྱུ་དེ་གཞི་རིམ་དུ་རྩ་བ་ཚུགས་པའི་ཐོག་མའི་བསམ་འདུན་ཡིན།
         སེམས་ནང་རྟག་ཏུ་མང་ཚོགས་ཀྱི་དཀའ་སྡུག་དྲན་ཚེ་གཞི་ནས་མི་སེར་གྱི་དཀའ་ངལ་ཐག་གཅོད་བྱེད་ཐུབ། བསོད་ནམས་དབྱངས་སྐྱིད་ཀྱིས་མང་ཚོགས་ཀྱི་རེ་སྒུག་དེ་ལས་ཀའི་སྤྲོ་སེམས་དུ་གྱུར་བ་དང“མང་ཚོགས་བྱ་བ་སྒྲུབ་པར་ཡོང་ཕྱིན་ངས་སེམས་རྩ་འཁོལ་པོས་སྣེ་ལེན་ཞུ་བ་དང་ལྷག་པར་དུ་མང་ཚོགས་དབུལ་པོར་དེ་བས་སེམས་རྩ་འཁོལ་པོ་བྱེད་ཀྱི་ཡོད”ཅེས་བཤད།
         ལོ་ཞིག་ཨ་ཅག་དཀར་འཛོམས་ཀྱི་སློབ་གྲྭ་ཆེ་མོར་ཚུད་མ་ཐག་པའི་གཅུང་མོའི་སློབ་ཡོན་འདང་གི་མེད་པའི་དབང་གིས་སློབ་ཞུགས་འགྲོ་ལུགས་གཉེར་མ་ཐུབ་སྟབས་ངུ་བཞིན་དུ་བསོད་ནམས་དབྱངས་སྐྱིད་ལ་ཞུ་བ་འཐེན་པར་ཡོང་། བསོད་ནམས་དབྱངས་སྐྱིད་ཀྱིས་ཕྱོགས་གཅིག་ནས་སློབ་གྲྭ་དང་འབྲེལ་གཏུག་བྱས་ནས་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་གསལ་བཤད་བྱས་པ་དང་ཕྱོགས་གཞན་ཞིག་ནས་འཕྲལ་མཁོ་ཆེ་བའི་སློབ་ཡོན་གྲབས་གསོག་བྱས་ཏེ་སློབ་གྲྭར་བསྐུར་ནས་བུ་མོ་དེ་བདེ་བླག་ངང་སློབ་ཞུགས་ཐུབ་པ་བྱས། དེ་རྗེས་ཀྱི་ལོ་ཤས་ནང་ཁོང་དང་གྲོགས་པོ་ཚོས་ཟླ་མི་རེ་ངོ་རེར་སློབ་མ་དེར་སློབ་ཡོན་ཐད་རོགས་པ་བྱེད་ཀྱི་ཡོད།
         “ལོ་ལྟར་དགུན་གསེང་དང་དབྱར་གསེང་སྐབས་སློབ་མ་དེས་རང་ཉིད་ལ་ནང་སའི་སློབ་སྦྱོང་དང་འཚོ་བའི་སྐོར་ཤོད་ཀྱི་ཡོད”ཅེས་བསོད་ནམས་དབྱངས་སྐྱིད་ཀྱིས་ཁོང་ཚོའི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བ་མཐོང་སྐབས་ངའི་སེམས་ནང་དགའ་ཚོར་དཔག་མེད་སྐྱེ་གི་འདུག་ཅེས་བཤད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་བོད་རང་སྐྱོང་ལྗོངས་ཀྱིས་མང་ཚོགས་དབུལ་པོ་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱ་ཆེད། ཕུལ་བྱུང་ལས་བྱེད་པ་འབོར་ཆེན་ཞིག་གྲོང་ཚོར་བཏང་ནས་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་འཁུར་དུ་བཅུག་ཡོད། 2012ལོར་བསོད་ནམས་དབྱངས་སྐྱིད་ཀྱིས་རྟ་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་འཁུར་རྗེས་མང་ཚོགས་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་སེམས་ཤུགས་དེ་བས་ཆེ་རུ་ཕྱིན།
         བསོད་ནམས་དབྱངས་སྐྱིད་ལ་འཕྲད་པའི་དུད་ཚང་དབུལ་པོ་མང་ཆེ་བའི་ཁྱིམ་དུ་ནད་པ་ཡོད་པ་དང་། ངལ་རྩོལ་ནུས་ཤུགས་ཞན་པ། རང་ངོས་འཕེལ་རྒྱས་གཏོང་བའི་ནུས་པ་ཞན་པ་སོགས་མི་འདང་བའི་ཆ་མང་པོ་ཡོད། ཁོང་ཚོར་རོཌ་རམ་བྱས་ནས་གང་མགྱོཌ་དབུལ་སྒྲོལ་ཐུབ་ཆེད་ཁོང་གིས་གང་སར་རྒྱུགས་ནས་རྣམ་གྲངས་བརྩོན་ལེན་བྱེད་པ་དང་དུད་ཚང་དུ་བསྐྱོད་ནས་བཅར་འདྲི་བྱས་ཏེ་ཁོང་ཚོའི་ཆེད་དུ་ནུས་ཤུགས་གང་ཡོད་འདོན་གྱི་ཡོད།
         “མང་ཚོགས་སྒྲིག་འཛུགས་བྱས་ནས་ཕྱི་ཕྱོགས་སུ་ལས་ཀ་བྱེད་པ་དང་། ཁྱད་ལྡན་གྱི་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཡུལ་སྐོར་གསར་སྤེལ་ཇུས་འགོད་བྱེད་པ་སོགས”དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པའི་རོགས་སྐྱོར་འོག་བསོད་ནམས་དབྱངས་སྐྱིད་ཀྱིས་གྲོང་མིའི་སྣེ་ཁྲིད་ནས་ཕྱུག་འགྱུར་ལམ་བུའི་གོམ་སྟབས་ལོ་རེ་ལས་མ་འདས་པར་མགྱོགས་མྱུར་སྤོ་ཐུབ་པ་བྱུང་བ།
         གནད་སྨིན་དབུལ་སྒྲོལ་བྱ་རྒྱུ་དེ་མང་ཚོགས་ལ་བཞག་པའི་དམ་བཅའ་ཡིན།
         ཉེ་བའི་ལོ་གཉིས་རིང་བསོད་ནམས་དབྱངས་སྐྱིད་ཀྱིས“ལྷ་ས་སྐྱིད་ཆུའི་ངོགས་ཀྱི·གསུམ་ལྡན་གྲོང་ཚོ”དང“དུས་བཞིའི་བཀྲ་ཤིས་གྲོང་ཚོ”གཉིས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་སྔ་རྗེས་སུ་འཁུར་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་ཐོག་མཐའ་བར་གསུམ་དུ་འབད་འཐབ་བྱེད་བཞིན་ཡོད།
         གསུམ་ལྡན་གྲོང་ཚོར་གནས་སྤོས་བྱས་པའི་དུད་ཚང་དབུལ་པོའི་དབུལ་པོ་ཆགས་རྐྱེན་རྩ་བ་ནས་མེད་པ་བཟོ་ཆེད། ཁོང་གིས་གྲོང་ཚོའི་ནང་གི་ཏང་ཡོན་སྣེ་ཁྲིད་ནས་མཉམ་དུ་ཐོན་ལས་འཕེལ་རྒྱས་འཆར་འགོད་བཟོས་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་ལས་ཞུགས་གསོ་སྦྱོང་བྱས་ཏེ་གྲོང་མིའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བས་མང་ཚོགས་ཀྱི་རྟེན་སར་འགྱུར། 2017ལོར་གསུམ་ལྡན་གྲོང་ཚོའི་དུད་ཚང་184དང་མང་ཚོགས་དབུལ་པོ་712བདེ་བླག་ངང་དབུལ་སྒྲོལ་ཐུབ།
         “དུས་བཞིའི་བཀྲ་ཤིས་གྲོང་ཚོ”ཡང་རྨང་གཞི་ཞན་པོ་ཡོད་མོད། འོན་ཀྱང་བསོད་ནམས་དབྱངས་སྐྱིད་ལ་ཡིད་ཆེས་ཧ་ཅང་ཆེན་པོ་ཡོད་པས་གོང་རིམ་གྱིས་བཟོས་པའི་ཐོན་ལས་རོགས་སྐྱོར་དང་། ལས་ཞུགས། སྲིད་ཇུས་མཐའ་སྐྱོང་སོགས་དབུལ་སྐྱོར་བྱ་ཐབས་རབ་དང་རིམ་པ་གང་མགྱོགས་དོན་འཁྱོལ་ཐུབ་ཡོད།
         བསོད་ནམས་དབྱངས་སྐྱིད་ཀྱིས་གནད་སྨིན་དབུལ་སྐྱོར་ཞེས་པ་ནི་མང་ཚོགས་ལ་རོགས་རམ་བྱས་ནས་དབུལ་པོ་ཆགས་རྐྱེན་འཚོལ་བ་དང་། འཕེལ་རྒྱས་ཀྱི་ལམ་བུ་འཕྱུགས་མེད་འཚོལ་བ། ཕྱུག་འགྱུར་ཁ་ཕྱོགས་ཡང་དག་འཚོལ་བ་བཅས་བྱས་ཏེ་མང་ཚོགས་དབུལ་སྒྲོལ་བྱེད་པའི་བློ་སྟོབས་དང་སྙིང་སྟོབས་འཕེལ་བར་བྱ་རྒྱུ་དེ་རེད་ཅེས་བཤད།
         ཨ་ཉིས་ཀྱིས་ང་རང་ཆུང་དུས་ནས་སྲོལ་རྒྱུན་གྱི་འཁེལ་འཐག་ལག་རྩལ་ཤེས་ཀྱི་ཡོད། འོན་ཀྱང་དེར་བརྟེན་ནས་ཕྱུག་འགྱུར་ཡོང་ཐབས་བྱེད་པའི་བསམ་བློ་འཁོར་མྱོང་མེད། བསོད་ནམས་དབྱངས་སྐྱིད་ཀྱི་རོགས་རམ་འོག་ངས་རྫོང་གཞན་དུ་བསྐྱོད་ནས་འཁེལ་འཐག་ལག་རྩལ་བསླབས་པས་ལོ་གཅིག་མ་འགོར་བར་སྒོར་6000བསགས་ཐུབ་བྱུང་ཞེས་བཤད།
         པེ་ཅིང་འཆར་འགོད་ཀུང་སིས་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་འཁེལ་འཐག་ཐོན་ལས་དེ་རྒྱ་ཆེར་གཏོང་བའི་གཏམ་བཟང་ཐོས་པས་ཨ་ཉིའི་ངོ་གདོང་ལས་འཛུམ་མདངས་ཀྱིས་ཁེངས་བཞིན“བསོད་ནམས་དབྱངས་སྐྱིད་ཀྱིས་ངེད་ཚོར་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བ་ཉིན་ལྟར་སེམས་ལ་འཁོར་གྱི་ཡོད། ཏང་གིས་ལས་བྱེད་པ་ཡག་པོ་དེ་འདྲ་ཞིག་ང་ཚོའི་གྲོང་ཚོར་བཏང་བར་ཐུགས་རྗེ་ཆེ་ཞུ་རྒྱུ”ཡིན་ཞེས་བཤད།
         འདས་ཟིན་པའི་ལོ་ལྔའི་ནང་བོད་རང་སྐྱོང་ལྗོངས་ཀྱི་མི་འབོར་དབུལ་པོ་ཁྲི་86ནས་ན་ནིང་ལོ་མཇུག་གི་མི་ཁྲི་33བར་ཆག་པ་དང་། བསོད་ནམས་དབྱངས་སྐྱིད་ཀྱིས“མང་ཚོགས་དབུལ་པོ་གང་མགྱོགས་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་ཚེ་ང་ཚོས་དཀའ་བ་ཇི་ཙམ་སྤྱོད་དགོས་ཀྱང་གནོང་འགྱོད་མེད”ཅེས་བཤད།
        ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཤུའེ་ཝུན་ཤན་དང་པེ་ཧྲའོ་པོ།
      

    ཕྱོགས་བསྡུས་གསར་འགྱུར།