འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་མ་དངུལ་གྲབས་གསོག་གི་བྱེད་སྒོ་སྤེལ་
    ནས་འཛམ་གླིང་དམག་ཆེན་དང་པོའི་རིང་གི་ཀྲུང་གོའི་བཟོ་པར་དྲན་གསོའི་
    རྡོ་རིང་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་26ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པས་ལོན་ཏོན་ཤར་ལྷོའི་རྒྱུད་ཀྱི་རུའེ་ཕུང་སྤྱི་གླིང་དུ་མ་དངུལ་གྲབས་གསོག་གི་བྱེད་སྒོ་སྤེལ་ནས་དབྱིན་ཇིར་འཛམ་གླིང་དམག་ཆེན་དང་པོའི་རིང་གི་ཀྲུང་གོའི་བཟོ་པར་ནམ་ཡང་གནས་ཐུབ་པའི་དྲན་གསོའི་རྡོ་རིང་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
         ད་རེས་ཀྱི་མ་དངུལ་གྲབས་གསོག་བྱེད་སྒོ་དེ་ཀྲུང་གོ་དང་དབྱིན་ཇིའི་རིག་གནས་སྤེལ་རེས་སློབ་ཚོགས་དང་། ཀྲུང་གོ་དང་དབྱིན་ཇིའི་ཁྲང་ཞིའི་མཐུན་ཚོགས། དབྱིན་ཇིར་ཡོད་པའི་ཀྲུང་གོའི་རི་འགོག་དམག་འཁྲུག་གི་རྗེས་རབས་པའི་མཐུན་འབྲེལ་ལྷན་ཚོགས་སོགས་ཀྱིས་སྒྲིག་འཛུགས་བྱས་པ་མ་ཟད། དབྱིན་ཇིར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པ་མང་པོའི་རྒྱབ་སྐྱོར་ཐོབ་ཡོད་པ་རེད། ཕྱི་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་100ལྷག་ཙམ་དགོང་མོའི་བྱེད་སྒོར་ཞུགས་ནས་དགེ་སྒྲུབ་དངུལ་དབྱིན་ཇིའི་སྒོར་མོ་ཁྲི་1.2(ཨ་སྒོར་ཁྲི་1.7དང་མཚུངས)གྲབས་གསོག་བྱས་ཡོད་པ་རེད། ད་རེས་འཛུགས་རྒྱུའི་དྲན་གསོའི་རྡོ་རིང་གི་ཇུས་གཞིའི་མིང་ནི“ང་ཚོས་ནམ་ཡང་བརྟན་པོར་ངེས་ཐུབ་པ་བྱེད”ཅེས་པ་དེ་ཡིན་པ་དང་ཁྱོན་དབྱིན་ཇིའི་སྒོར་མོ་ཁྲི་25(ཨ་སྒོར་ཁྲི་35དང་མཚུངས)གྲབས་གསོག་བྱས་པ་མ་ཟད་འདི་ལོའི་ཟླ་9པར་ལོན་ཏོན་དུ་དྲན་གསོའི་རྡོ་རིང་འཛུགས་པའི་མཛད་སྒོ་གཉེར་རྒྱུ་རེད།
         དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཚན་ཙན་དང་སྤྱི་ཁྱབ་ཁེ་སྐྱོང་བ་གཅིག་ལྕོགས་ཧྥེ་མིང་ཤིན་གྱིས་བྱེད་སྒོའི་ཐོག་ཇུས་གཞི་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བརྗོད་པ་དང་ཁོང་གིས་དེ་ནི་དབྱིན་ཇིའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་རྩ་ཆེ་ཤོས་ཀྱི་དྲན་གསོའི་གྲས་ཤིག་ཏུ་གྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད། 
     
      

    ཕྱོགས་བསྡུས་གསར་འགྱུར།