འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རྩལ་གསར་གཏོད་ཀྱིས་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་གྱི་སྣེ་འདྲེན་པ། 

    མོ་ཧན་མོ་ཏེ·སཱ་ཆི་ཕུའུ་ཡིས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་26ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོར་ཐེངས་ག་ཚོད་ཕྱིན་པ་གསལ་པོ་ཤོད་རྒྱུ་མི་འདུག གང་ལྟར་ག་དུས་ཕྱིན་རུང་རྟག་ཏུ་མྱོང་ཚོར་གསར་པ་ཞིག་ཡོང་བ་དང་ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་འགྲོ་ཚུལ་བརྗོད་སྐབས་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་ཞེས་པ་སྤྱད་ན་འཚམ་པོ་འདུག
         2003ལོ་ནས་བཟུང་ངས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་བྱ་གཞག་ཕྱིར་ཕར་འགྲོ་ཚུར་འོང་བྱེད་འགོ་བཙུགས་པ་ཡིན། ངས་རྒྱ་གར་གྱི་འཚམས་འདྲི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཀྲུང་གོར་རྟོག་ཞིབ་བྱེད་པར་ཐེངས་མང་ཡོང་བ་ཡིན་པས་མི་རྣམས་ཀྱིས་ངར་ཕྱི་འབྲེལ་ལས་རིགས་ཀྱི“ངལ་རྩོལ་དཔེ་བཟང་བ”ཞེས་བརྗོད་ཀྱི་འདུག ཀྲུང་གོའི་ཚན་རྩལ་བྱ་འཕུར་བ་བཞིན་འཕེལ་རྒྱས་མྱུར་པོ་བྱུང་སྟེ་ཚན་རྩལ་གསར་གཏོད་ཀྱིས་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་དང་། རིམ་སྤོར། འཕེལ་རྒྱས་བཅས་ལ་སྣེ་འདྲེན་པའི་རྣམ་པ་བཟང་པོ་ཞིག་ཐོན་བཞིན་ཡོད། དེ་ནི་ཀྲུང་གོས་སྤོབས་པ་བྱེད་འོས་པ་ཞིག་ཡིན། ཧ་ཅང་ཡག་པོ་རེད། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་མིག་དཔེ་བཟང་པོ་ཞིག་བསྟན་ཡོད།
         ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཚན་རྩལ་ལ་གྲུབ་འབྲས་ཆེན་པོ་དེ་འདྲ་ཞིག་ཐོབ་པ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལོ་40ཙམ་རིང་བསགས་པའི་གྲུབ་འབྲས་ཤིག་རེད་ལ་ཀྲུང་གོ་སྲིད་གཞུང་གི་གཟིགས་རྒྱང་རིང་བའི་འཐབ་ཇུས་བཀོད་པ་ལས་བྱུང་བ་ཞིག་ཀྱང་རེད། ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན། ཀྲུང་གོས་ཡིད་ཆེས་ཀྱི་བསམ་པ་དེ་བློ་ལ་བརྟན་པོར་འཆང་ཞིང་། དཔལ་འབྱོར་རྒྱུན་རྣམ་གསར་པར་སླེབས་རྗེས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་བརྗེའི་གོ་སྐབས་གལ་ཆེན་དམ་པོར་བཟུང་སྟེ་ཚན་རྩལ་གསར་གཏོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྒུལ་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱས་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་འདེགས་སྐྱོར་ནུས་ལྡན་བྱས་པ། ཀྲུང་གོའི་ཐོན་ལས་རིམ་པ་མཐོ་འབྲིང་ཕྱོགས་སུ་གྲུབ་འབྲས་ཐོབ་པའི་སྒོ་ནས་སྐུལ་འདེད་བཏང་བ་བཅས་ལས་འཕར་ནུས་གསར་པ་ཞིག་ཆགས་ཡོད།
         དེང་གི་སྤྱི་ཚོགས་སུ་ཚན་རྩལ་གསར་གཏོད་ཐད་སུ་ཞིག་ལ་ལེགས་ཆ་ལྡན་ན་དེས་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་ཐུབ། ངལ་རྩོལ་ནུས་ཤུགས་དང་། མ་བཅོས་རྒྱུ་ཆ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་མ་གནས་རྒྱུན་མཐུད་ངང་མཐོ་རུ་འགྲོ་བ་དང་ཆབས་ཅིག་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་ཐོན་ཁུངས་དང་། ནུས་རྒྱུ། སྣོད་བཅུད་ཁོར་ཡུག་བཅས་ཀྱི་གནོན་ཤུགས་ཀྱང་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་བསྡུར་གཞི་ཡོད་པའི་ལེགས་ཆའང་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་ཀྱི་བསྡུར་གཞི་ཡོད་པའི་ལེགས་ཆ་དེ་མི་འབོར་གྱི་ཐོབ་ཆ་ཉུང་དུ་འགྲོ་བ་དང་ཆབས་ཅིག་ཆུང་དུ་འགྲོ་མོད། འོན་ཀྱང་མི་འབོར་གྱི་བྱང་ཚད་མཐོ་རུ་འགྲོ་བ་དེ་ལས་བསྡུར་གཞི་ཡོད་པའི་ལེགས་ཆ་གསར་པ་ཞིག་ཆགས་བཞིན་ཡོད། ཀྲུང་གོས་ཕྱོགས་སྒྱུར་རིམ་སྤོར་གྱི་དཀའ་གནད་སེལ་བ་དང་། རང་ངོས་འཕེལ་རྒྱས་ཀྱི་འཇུར་མིག་ལས་ཚད་བརྒལ་བྱེད་པ། གདིང་རྩའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་ཐད་ཚན་རྩལ་གསར་གཏོད་ནི་རྩ་བའི་རང་བཞིན་གྱི་བྱ་ཐབས་ཤིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།