འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་ཨའི་ཚོང་དོན་འཁྲུག་རྩོད་སྐོར་གླེང་སྐབས་ཀྲུང་གོ་སྐྲག་དགོས་
    མེད་ལ་གཡོལ་དགོས་ཀྱང་མེད་ཅེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་བསྐྱོན་སྐབས་ཀྲུང་གོ་ཕྱོགས་ཀྱིས་སུ་རུང་དང་ཚོང་དོན་ཐད་འཁྲུག་རྩོད་རྒྱག་འདོད་མེད་མོད། འོན་ཀྱང་གཞན་གྱིས་རྐང་བཙུགས་ནས་འཁྲུག་རྩོད་རྒྱག་ཏུ་བཅུག་ཚེ་ང་ཚོ་སྐྲག་དགོས་མེད་ལ་གཡོལ་དགོས་ཀྱང་མེད་ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས་ཉེ་དུས་ཨ་རི་དང་ཀྲུང་གོའི་ཚོང་དོན་གྱི་རྩོད་གཞི་ཚུད་པའི་ཨ་རི་དང་རྒྱལ་ཁབ་གཞན་དབར་གྱི་གནད་དོན་ཐད་ཕྱོགས་ཁག་གིས་དོ་ཁུར་བྱེད་ཀྱི་ཡོད་ལ་ཚང་མས་རྒྱུན་གཏན་གྱི་རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་དང་འཛམ་གླིང་གི་དཔལ་འབྱོར་བརྟན་པོ་ཡོང་རྒྱུའི་ཐད་སེམས་ཁྲལ་བྱེད་ལུགས་མཚོན་པ་བྱས་ཡོད་ཅེས་གསུངས་པ་རེད།
         ཁོང་གིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་ངོ་བོའི་ཐོག་ནས་གཉིས་ཁེ་གཉིས་ཕན་ཡིན་པ་དང་ཉེ་བའི་ལོ་40ཙམ་རིང་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོར་ཁྲོམ་ར་རྒྱ་ཆེན་པོ་མཁོ་འདོན་བྱས་པ་དང་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་གཏོད་པ་མ་ཟད། ད་དུང་ཨ་རིའི་ཁྱིམ་ཚང་གི་ཆ་སྙོམས་གཏོང་སྒོའི་ཁུར་པོ་དམའ་རུ་གཏོང་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་རེད།
         ཁོང་གིས“ངས་གྲངས་གཞི་ཞིག་མཐོང་མྱོང་བ་དེ་ནི་2015ལོར་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་ཨ་རིའི་ཁྱིམ་ཚང་ཚང་མར་ཨ་སྒོར་850ཙམ་གྲོན་ཆུང་ཐུབ་ཡོད་པ་དེ་རེད། ཨ་རི་ཕྱོགས་ལ་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁྲོད་ནས་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་མེད་ཚེ་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱུན་མཐུད་ངང་འཕེལ་རྒྱས་མྱུར་པོ་དེ་ལྟ་བུ་ཡོང་མི་སྲིད”ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས“ཀྲུང་གོ་ཕྱོགས་ཀྱིས་རྐང་བཙུགས་ནས་ཧེ་བག་འཚོལ་མི་སྲིད། མིག་སྔའི་ཀྲུང་ཨའི་ཚོང་དོན་དོ་སྙོམས་མེད་པའི་རྒྱུ་རྐྱེན་ནི་ཕྱོགས་མང་པོ་ཡོད་པ་དང་དེ་ཐག་གཅོད་བྱེད་པའི་བསམ་ཕྱོགས་ཡང་དག་ནི་ཕན་ཚུན་དབར་གྱི་ཁྲོམ་རའི་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་ལས་ཚོང་དོན་གྱི་འཁྲུག་རྩོད་བྱེད་པའམ་ཡང་ན་བཙན་ཤེད་ཀྱིས་ཉོ་ཚོང་བྱེད་པ་ཞིག་མ་ཡིན”ཞེས་གསུངས་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་སིལ་ཚོང་དང་། ཚན་རྩལ། ཞིང་ལས་བཅས་དང་དེ་བཞིན་འཛད་རྫས་གཞན་གྱི་ལས་རིགས་ཀྱི་ཁེ་ཕན་གྱི་འཐུས་ཚབ་ཡིན་པའི་ལས་རིགས་ལྷན་ཚོགས་45ཡིས་ཚེས་18ཉིན་ཐེ་རོན་ཕུ་སྲིད་གཞུང་ལ་ཀྲུང་གོ་ནས་ནང་འདྲེན་བྱས་པའི་ཐོན་རྫས་ལ་འགག་སྒོའི་དཔྱ་ཁྲལ་མང་དུ་མི་གཏོང་རྒྱུའི་རེ་བ་བཏོན་པ་དང་དེ་ལས་ལྡོག་ཚེ་ཨ་རིའི་ཁེ་ལས་དང་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་འཚེ་ཕོག་སྲིད་ཅེས་བརྗོད་ཡོད། གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན་ཀྲེ་ཅ་ཀོའི་པུའུ་སི་ཚོང་དོན་སློབ་གླིང་གིས་གཉེར་བའི“གོ་ལ་ཧྲིལ་པོའི་ཁྲོམ་རའི་གྲོས་གཞིའི”IGMགླེང་སྟེགས་ཐོག་དཔལ་འབྱོར་རིག་པ་མཁས་ཅན་རྩེ་གྲ་43གྱིས་དཔྱ་ཁྲལ་བསྡུ་བ་དེས་ཨ་རི་བའི་འཚོ་བ་ལེགས་སུ་འགྲོ་རྒྱུར་ཕན་པ་གང་ཡང་མེད་པ་མ་ཟད་དེ་ལས་ལྡོག་སྟེ་ཨ་རི་བ་མང་ཆེ་བའི་ཁེ་ཕན་ལ་གནོད་འཚེ་ཕོག་སྲིད་པའི་ཐ་ཚིག་བསྒྲགས་ཡོད།
         ཧྭ་ཁྲུན་ཡིང་གིས“ཚོང་དོན་འཁྲུག་རྩོད་བྱེད་པར་རྒྱལ་ཁ་ཐོབ་མཁན་མེད། ཨ་རིའི་རྒྱལ་ནང་གི་མི་སེར་ལ་བརྟག་དཔྱད་བྱས་པ་གཞིར་བཟུང་། ཨ་རི་བ་ཕྱེད་ཀས་ངར་ལྕགས་དང་ཧ་ཡང་གི་འགག་སྒོའི་ཁྲལ་མཐོ་རུ་གཏོང་རྒྱུར་ངོ་རྒོལ་བྱེད་པ་མ་ཟད་ད་དུང་དཔྱ་ཁྲལ་བསྡུ་བ་དེས་ཨ་རིའི་བཟོ་ལས་སོགས་རྗེས་ལུས་ཀྱི་ཐོན་ལས་འོག་མར་ཕོག་ཐུག་ཚབས་ཆེན་ཕོག་ནས་དཔལ་འབྱོར་སྡེ་ཚན་གཞན་གྱི་ལས་ཞུགས་གོ་སྐབས་ཁྲི་18ཉུང་དུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད།
         ཁོང་གིས“ཀྲུང་གོ་ཕྱོགས་ཀྱིས་སུ་རུང་ཞིག་དང་ཡང་ཚོང་དོན་འཁྲུག་རྩོད་རྒྱག་འདོད་མེད་མོད། འོན་ཀྱང་གཞན་གྱིས་རྐང་བཙུགས་ནས་འཁྲུག་རྩོད་རྒྱག་ཏུ་བཅུག་ཚེ་ང་ཚོ་སྐྲག་དགོས་མེད་ལ་གཡོལ་དགོས་ཀྱང་མེད་། གལ་སྲིད་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་སྤེལ་ཚེ་ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་ཁ་གཏད་གཅོག་ཐབས་མཐའ་གཅིག་ཏུ་སྤྱད་དེ་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།