འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་སྲིད་ཏང་གི་འགོ་ཁྲིད་མི་སྣ་ཁག་གཅིག་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འགན་འགྱུར་མི་སྣས་བསྟུད་མར་གློག་འཕྲིན་དང་འཕྲིན་ཡིག་སྤྲིངས་ནས་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད།
         པར་ཙིར་གྱི་ཙུང་ཐུང་ཐེ་མེར་གྱིས་སྐུ་ཉིད་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པ་གོ་ཐོས་བྱུང་བས། ངས་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངས་མུ་མཐུད་དེ་སྐུ་ཉིད་དང་མཉམ་དུ་འབད་བརྩོན་བྱས་ཏེ་པར་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།
         ཨ་ཀེན་ཐིན་གྱི་ཙུང་ཐུང་མཱ་ཁེ་ལིས་སྐུ་ཉིད་ཀྱི་འགོ་ཁྲིད་འོག་ཀྲུང་གོ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གོས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགྲོ་ལམ་ཐོག་འོད་སྟོང་འཕྲོ་བའི་དུས་རབས་གསར་པ་གཏོད་རྒྱུར་སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད།
         ཨེ་ཁྭ་ཏོར་གྱི་ཙུང་ཐུང་མོ་ལེ་ནུའོ་ཡིས་སྐུ་ཉིད་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ཕན་ལོ་ཤས་རིང་ཨེ་ཁྭ་ཏོར་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་འབྲེལ་བ་དེ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་དུ་སླེབས་ཡོད། ཀྲུང་གོ་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད།
         ཀ་པོན་གྱི་ཙུང་ཐུང་པན་ཀེས་དགའ་སྤྲོ་འཁོལ་བའི་དུས་དེར་ངས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གཏན་འབེབས་གལ་ཆེན་རབ་དང་རིམ་པར་བརྩི་བཀུར་ཞུ་རྒྱུ་ཡིན། གཏན་འབེབས་གལ་ཆེན་དེ་དག་སྐུ་ཉིད་ཀྱིས་བཏོན་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་སོགས་ཀྱི་བྱེད་ཐབས་གལ་ཆེན་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ལ་ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་འགྲོ་རྒྱུ་དང་མཛའ་གྲོགས་ལྡན་པའི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་རྒྱུ་རེད་ཅེས་བརྗོད།
         ཀི་ནེ་ཡའི་ཙུང་ཐུང་ཁུང་ཏའེ་ཡིས་སྐུ་ཉིད་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པ་འདི་ནི་སྐུ་ཉིད་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དགེ་མཚན་ལྡན་པའི་ནུས་པ་བཏོན་གནང་བའི་ལྡོག་མེད་ཀྱི་འབྲས་བུ་ཞིག་རེད། རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་དེ་བརྒྱུད་ཀྲུང་གོ་ཉིན་རེ་བཞིན་སྟོབས་འབྱོར་དང་བརྟན་ལྷིང་ལྡན་པར་གྱུར་ནས་འཛམ་གླིང་གི་མཐུན་སྒྲིལ་དང་། ཞི་བདེ། དར་རྒྱས་བཅས་ལ་སྔར་བས་སྐུལ་མ་ཐེབས་ངེས་རེད་ཅེས་བརྗོད།
         སི་ར་ལ་ཨོང་གི་ཙུང་ཐུང་ཁོ་ལུའོ་མཱ་ཡིས་ངས་སི་ར་ལ་ཨོང་གི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་སྐུ་ཉིད་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད།
         ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་གྱིས་སྐུ་ཉིད་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་འགོ་ཁྲིད་འོག་ཀྲུང་གོ་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུ་དང་ཐུར་ཀྲུང་གི་འབྲེལ་བ་ལའང་གྲུབ་འབྲས་གལ་ཆེན་ཐོབ་རྒྱུ་རེད། ངས་ཀྲུང་གོས་དུས་རབས་གསར་པར་མུ་མཐུད་གྲུབ་འབྲས་ཀྱི་ལེའུ་བརྩམ་རྒྱུའི་ཡིད་ཆེས་ཡོད་ལ། ངས་ཐུར་ཀྲུང་འབྲེལ་བའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་ཅེས་བརྗོད།
         ཅོར་ཏན་གྱི་རྒྱལ་པོ་ཨ་པུ་ཏུ་ལཱ་ཁྲི་ཐོག་གཉིས་པས་སྐུ་ཉིད་དང་སྐུ་ཉིད་བརྒྱུད་ནས་རླབས་ཆེན་གྱི་ཀྲུང་གོ་མི་དམངས་ལ་ལྷག་བསམ་རྣམ་དག་གི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཅོར་ཏན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་དང་འཛམ་གླིང་མི་དམངས་ཆེད་དེ་བས་མཛེས་སྡུག་དང་། གྲ་རྒྱས། གཞུང་དྲང་། ཞི་བདེ་བཅས་ཀྱི་འབྱུང་འགྱུར་གཏོད་ཆེད་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བརྗོད།
         ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏས་སྐུ་ཉིད་ཀྱི་འགོ་ཁྲིད་འོག་ཀྲུང་གོའི་འབྱུང་འགྱུར་དེ་བས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུའི་ཡིད་ཆེས་ཡོད། ཕོ་ལན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཁྲིད་སྟོན་འོག་ང་ཚོ་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་མཉམ་ལས་གཉིས་ཕན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་བརྗོད།
         ཀེ་རི་སེའི་ཙུང་ཐུང་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སིས་བླ་ན་མེད་པའི་ལས་གནས་ཐོག་སྐུ་ཉིད་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཀེ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དགེ་མཚན་ལྡན་པའི་གླེང་མོལ་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་གོང་མཐོར་གཏོང་ཆེད་དེ་བས་མང་བའི་གོ་སྐབས་གཏོད་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད།
         འབར་མའི་སྲིད་དོན་སྐྱོང་རོགས་པ་ཨང་ཧྲན་སུའུ་ཅིས་སྐུ་ཉིད་ཀྱིས་འབར་མ་དང་མཛའ་གྲོགས་ཟབ་མོ་དང་། ཕན་ཚུན་བརྩི་འཇོག ཡིད་ཆེས་བཅས་ཀྱི་འབྲེལ་བ་བཙུགས་ཡོད། སྐུ་ཉིད་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་སླར་ཡང་བདམས་པ་དེས་འབར་མ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བར་སྔར་བས་སྐུལ་འདེད་གཏོང་ཆེད་གོ་སྐབས་བཟང་པོ་མཁོ་འདོན་ཐུབ་ངེས་ཡིན་པས་ང་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད།
         འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཀྲུའུ་ཞི་ཧྲེ་ཝ་པུའུ་ཡིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་དེ་བཞིན་ཀྲུང་གོས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཛ་དྲག་འགྲན་སློང་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཀྱི་ནུས་པ་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། སྐུ་ཉིད་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པ་དེ་ཐོག་ནས་ཀྲུང་གོ་མི་དམངས་ཀྱིས་སྐུ་ཉིད་ཀྱི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལ་བརྩི་བཀུར་ཞུས་པ་མཚོན་ཡོད། སྐུ་ཉིད་ཀྱི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོའི་འབྱུང་འགྱུར་དེ་བས་འོད་སྟོང་ལྡན་པ་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།
         ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་གློག་འཕྲིན་དང་འཕྲིན་ཡིག་སྤྲིངས་མཁན་གྱི་གྲས་སུ་ད་དུང་ལི་པེ་རི་ཡའི་ཙུང་ཐུང་ཝུའུ་ཨ་དང་། ཁོ་མོ་རོའི་ཙུང་ཐུང་ཨ་ཀྲ་ལི། ཨེ་རི་ཐྲེ་ཡའི་ཙུང་ཐུང་དབྱི་སཱ་ཡཱ་སི། ཨན་ཀོ་ལའི་ཙུང་ཐུང་ལུའོ་ལུན་སུའོ། ལྷོ་སུའུ་ཏན་གྱི་ཙུང་ཐུང་ཅིར། ལེ་པ་ནོན་གྱི་ཙུང་ཐུང་ཨའོ་ཨན། ཨིར་ལན་གྱི་ཙུང་ཐུང་ཤིས་ཅིན་སི། ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའུ་ཐེ། མོ་རི་ཐིའུ་སིའི་ཙུང་ལི་ཕུའུ་ལ་ཝུན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙིའི་ནད་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་ཤིས་ཏི་པེ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་ཀྱི་དྲུང་ཆེ་ཀའེ་ཐེ། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅིའུ་ཅཱ་ནུ་ཧྥུ། རི་པིན་གྱི་རང་དབང་དམངས་གཙོ་ཏང་གི་ཀན་ཧྲི་ཀྲང་ཨར་ཅི་ཅུན་པོའོ་བཅས་ཡོད་པ་རེད།
         ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ད་དུང་བྱ་ཐབས་གཞན་གྱི་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།