འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།བོད་ལྗོངས་ལྷོ་ཁའི་ནད་ཚབས་ཆེ་བའི་དམག་མི་ཞིག་མྱུར་སྐྱོབ་བྱེད་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ནུབ་རྒྱུད་དམག་ཁུལ་མཁའ་དམག་གིས་དབོར་འདྲེན—9གནམ་གྲུ་ཐོག་མར་བཏང་ནས་བོད་ལྗོངས་ལྷོ་ཁའི་འགན་སྒྲུབ་འཐབ་ས་དང་པོའི་ནད་ཚབས་ཆེ་བའི་དམག་དཔོན་ཞིག་རྒྱབ་ཕྱོགས་སྨན་ཁང་དུ་མྱུར་སྐྱོབ་བྱ་རྒྱུར་བསྐྱལ་ནས་འཐབ་འཛིང་པའི་ཚེ་སྲོག་བསྐྱབས་ཡོད། དེ་ནི་རང་དམག་གིས་དབོར་འདྲེན—9གནམ་གྲུ་ཐོག་མར་སྤྱད་ནས་སྨན་བཅོས་སྲོག་སྐྱོབ་བྱས་པ་ཞིག་རེད། ལོ་29ལ་སླེབས་པའི་ནུབ་རྒྱུད་དམག་ཁུལ་མཁའ་དམག་པུའུ་ཞིག་གི་ལེན་རིམ་པའི་ཚན་མོའུ་ཝང་ཡོན་ན་ནིང་ཟླ་11པར་བོད་དུ་སླེབས་པ་ནས་ད་བར་ལྷོ་ཁ་ས་ཁུལ་དུ་ས་མཐོའི་ནང་སྦྱོང་ལས་འགན་སྒྲུབ་ཡོད། ཟླ་2པའི་ཟླ་སྨད་དུ་ཝང་ཡོན་ཚ་བ་ཡང་ཡང་རྒྱས་པ་དང་ཟླ་3ཚེས་2ཉིན་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། བརྟག་དཔྱད་བྱས་པ་བརྒྱུད། ཝང་ཡོན་ལ་གཤེར་རྨེན་གྱི་ནད་དུག་འགོས་ནས་དབུགས་ནུས་ཉམས་པ་དང་། གློ་བར་ཆུ་བསགས་པ། གློ་བའི་ནུས་པ་ཉམས་པ། ཀླད་པར་ཆུ་བསགས་པ། སྙིང་དང་། མཆིན་པ། མཁལ་མ་བཅས་ཀྱི་ནུས་པ་ཉམས་ནས་སྨན་ཁང་གིས་ནད་ཚབས་ཆེ་བའི་བརྡ་ཐོ་བཏང་བ་རེད།
         ཚེས་3ཉིན་གྱི་ཞོགས་པ་ཝང་ཡོན་གྱི་ནད་གཞིའི་སྙན་ཞུ་དམག་འཐབ་བཀོད་འདོམས་མ་ལག་བརྒྱུད་དམག་ཁུལ་མཁའ་དམག་ལ་གོང་ཞུ་བྱས་མ་ཐག་ཚད་མཐོའི་མཐོང་ཆེན་ཐོབ་ཡོད། དམག་འཐབ་བཀོད་འདོམས་ཚོད་འཛིན་ལྟེ་གནས་ཀྱིས་དེ་ཉིན“གང་ལའང་མི་འཛེམས་པར་དཔོན་དམག་གི་ཚེ་སྲོག་མྱུར་སྐྱོབ་བྱེད་པ་དང་དགོས་ངེས་ཀྱི་གནས་ཚུལ་འོག་དམག་སྤྱོད་གནམ་གྲུ་སྤྱད་དེ་འཕྲལ་མའི་རོགས་སྐྱོབ་བྱེད་ཆོག་པའི”བཀའ་རྒྱ་བཏང་བ་རེད།
         ཆུ་ཚོད་11དང་སྐར་མ་32ལ་དབོར་འདྲེན—9གནམ་གྲུ་ཞིག་སི་ཁྲོན་ནུབ་ངོས་ཀྱི་གནམ་ཐང་ཞིག་ནས་ཛ་དྲག་ངང་འཕུར་བ་དང་ཆུ་ཚོད་2ལྷག་ཙམ་སོང་རྗེས་ལྷ་ས་གོང་དཀར་གནམ་ཐང་དུ་འབྱོར་ནས་ཝང་ཡོན་སྐྱེལ་མཁན་སྲོག་སྐྱོབ་རླངས་འཁོར་དང་དུས་ཐོག་ཏུ་འཛོམས། སྨན་དོན་མི་སྣ་དང་དཔུང་སྡེའི་དཔོན་དམག་ཚོས་ས་མཐོར་གསོ་རླུང་དཀོན་པར་མི་འཛེམས་པར་མགྱོགས་མྱུར་ཝང་ཡོན་གནམ་གྲུའི་ནང་བསྐྱལ་ནས་གསོ་རླུང་བླུགས་པ་དང་། དྲོད་སྲུང་བ། འཁྱེར་བདེའི་འཕྲལ་སྡོམ་རོགས་སྐྱོབ་སྒྲིག་ཆས་གྲ་སྒྲིག་བཅས་བྱས་རྗེས་ཁྲེང་ཏུར་འཕུར་བ་རེད།
         “གལ་སྲིད་ད་དུང་ཉིན་གཅིག་ཕྱི་དྲགས་ན་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འདུག”ཅེས་ཝང་ཡོན་གྱི་གཙོ་བཅོས་སྨན་པ་དེ་སྔ་ཁྲེང་ཏུའུ་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དབུགས་ལམ་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཁྲེན་ཀྲང་གིས་བཤད། ཁོང་གིས་ཝང་ཡོན་གྱི་ནད་གཞི་ཧ་ཅང་ཚབས་ཆེ་བ་དང་ཁོང་ནི་གཤེར་རྨེན་ནད་དུག་གི་གློ་ཚད་ཕོག་པའི་ནད་པ་ཚབས་ཆེན་ཞིག་རེད་ཅེས་བཤད། སྨན་ཁང་གིས་རིགས་གཅིག་མཁས་ཅན་ལས་སྒྲུབ་པའི་སྨན་བཅོས་ཚོགས་པ་སྐོང་འཐེན་བྱས་ཏེ་མཉམ་དུ་ནད་དཔྱད་ཐེངས་མང་བྱས་པ་དང་ཆེད་མི་བཀོད་སྒྲིག་བྱས་ནས་ཆུ་ཚོད་24ཡི་རིང་ནད་ཞབས་ཡག་པོ་ཞུས་ཐོག་བྱ་ཐབས་སྣ་མང་ཕྱོགས་བསྡུས་ངང་སྤྱད་ནས་ཝང་ཡོན་མྱུར་སྐྱོབ་བྱས་པ་རེད།
        མིག་སྔར་ཝང་ཡོན་ནད་ཁྲི་ནས་བབས་ཏེ་འཆམ་འཆམ་བྱེད་ཐུབ་པ་དང་དྲག་སྐྱེད་ཡག་པོ་ཡོང་བཞིན་ཡོད།
         “དབོར་འདྲེན་གནམ་གྲུ་ཆེ་གྲས་བེད་སྤྱད་དེ་མཁའ་ཐོག་སྐྱེལ་འདྲེན་སྨན་བཅོས་བྱས་ནས་འགན་སྒྲུབ་འཐབ་ས་དང་པོའི་ནད་ཚབས་ཆེ་བའི་དཔོན་དམག་རྒྱབ་ཕྱོགས་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་ཏེ་འཐབ་གྲོགས་ཀྱི་ཚེ་སྲོག་བསྐྱབས་པ་དེ་ནི་མཁའ་དམག་གི་ལོ་རྒྱུས་ཐོག་མཐོང་དཀོན་པོ་ཡིན”ཞེས་སྐྱོབ་བཅོས་ལས་དོན་ལ་ཞུགས་མཁན་ནུབ་རྒྱུད་དམག་ཁུལ་མཁའ་དམག་འགན་ལེན་པུའུ་འཕྲོད་བསྟེན་ཁྲུའི་ཁྲུའུ་ཀྲང་ཧོ་ཆང་གིས་ངོ་སྤྲོད་བྱས། ཁོང་གིས་ཉེ་བའི་ལོ་ཤས་རིང་ནུབ་རྒྱུད་དམག་ཁུལ་མཁའ་དམག་གིས་ཐད་འཕུར་གནམ་གྲུ་དང་། དབོར་འདྲེན—8གནམ་གྲུ དབོར་འདྲེན—9གནམ་གྲུ་ཐེངས་མང་བཏང་སྟེ་རྙོག་འཛིང་ཆེ་བའི་ཁོར་ཡུག་འོག“མཁའ་ཐོག་སྨན་བཅོས”སོགས་དངོས་འཐབ་ཅན་གྱི་ནང་སྦྱོང་བྱས་ནས་མཁའ་ཐོག་སྐྱེལ་འདྲེན་གྱི་ལས་རིམ་ཟམ་མི་ཆད་པར་འཚོལ་ཞིབ་དང་ལེགས་སུ་བཏང་སྟེ་དམག་ས་ནས་རྒྱབ་ཕྱོགས་སྨན་ཁང་བར་གྱི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱེད་པ་དང་དམག་འཁྲུག་དང་དམག་འཁྲུག་མིན་པའི་དམག་དོན་བྱ་སྤྱོད་ཁྲོད་སྨན་བཅོས་མཁའ་ཐོག་སྐྱེལ་འདྲེན་ལ་བྱ་ཐབས་གསར་པ་གཏོད་པ་དང་ཉམས་མྱོང་གསོག་འཇོག་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།