༄༅།།མཚོ་སྔོན་གྱིས་བང་སོ་བསྔོགས་ནས་རིག་དངོས་ལྐོག་ཚོང་བྱེད་པའི་གྱོད་གཞི་ཚབས་ཆེན་ཞིག་
རྩད་ཆོད་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 03ཚེས་23ཉིན། 09:28】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་གསལ། ལོ་ཕྱེད་ལྷག་ཙམ་རིང་མྱུལ་ཞིབ་རྩད་གཅོད་ཞིབ་ཕྲ་བྱས་པ་བརྒྱུད་མཚོ་སྔོན་གྱི་ཉེན་རྟོག་ཕྱོགས་ཀྱིས་བང་སོ་བསྔོགས་ནས་རིག་དངོས་ལྐོག་ཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་13བཟུང་ནས་རིག་དངོས་400ལྷག་ཚུར་བླངས་ཡོད་པ་རེད།
2017ལོའི་ཟླ་བཅུ་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ལས་དོན་སྒྲུབ་རིང་རིག་དངོས་ལྐོག་ཚོང་གི་ཉེས་གསོག་ཁུངས་སྣེ་ཞིག་རྩད་ཆོད་ཡོད། ཁུངས་སྣེར་གཞིགས་ཏེ་བརྟག་དཔྱད་མཐིལ་རྟོགས་བྱས་པ་བརྒྱུད་བང་སོ་བསྔོགས་ནས་རིག་དངོས་ལྐོག་ཚོང་གི་ཉེས་གསོག་ཚོགས་པ་ཞིག་རྩད་གཅོད་རགས་ཙམ་ཐུབ་ཅིང་། 2018ལོའི་ཟླ་3ཚེས་17ཉིན་གྱི་ཐོ་རེངས་སུ་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། དུར་ལམ་རྫོང་སྤྱི་བདེ་ལས་ཁུངས་བཅས་ཀྱི་ཉེས་དོན་ཉེན་རྟོག་པ་ཧྲག་པོ་བསྡུས་ནས་ཁག་བགོས་ཀྱིས་ཉེས་ཅན་འཛིན་བཟུང་གི་བྱ་སྤྱོད་ཐེངས་མང་སྤེལ་བར་ཉེས་གསོག་དོགས་ཅན་13བཟུང་བ་དང་། རྐུ་བརྒྱབ་པའི་རིག་དངོས་400ལྷག་ཚུར་བླངས་ཡོད། ཆ་འཕྲིན་ཕན་ཚུན་ཤར་གཏོང་བྱས་རྗེས་གྱོད་གཞི་རྩད་གཅོད་མཁན་ཉེན་རྟོག་པས་ཟི་ལིང་གྲོང་ཁྱེར་ནས་བཟུང་བའི་ཉེས་གསོག་དོགས་ཅན་2མཚན་གང་པོར་ཁྲིད་འོངས་ཏེ་དུར་ལམ་རྫོང་དུ་འབྱོར་རྗེས་གྱོད་གཞིར་བརྟག་དཔྱད་དང་། དཔང་ལེན། མྱུལ་ཞིབ་བཅས་ཀྱི་ལས་དོན་མུ་མཐུད་བསྒྲུབས་ཡོད་པ་རེད།