འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལོ་གསུམ་ནང་གསང་སྤྱོད་ཁྲི་19.81བསྐྲུན་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་གྱིས་2018ལོ་ནས་བཟུང་གི་ལོ་གསུམ་ནང་ཞིང་ཆེན་ཡོངས་སུ་གསང་སྤྱོད་ཁྲི་19.81བསྐྲུན་ནས་གསང་སྤྱོད་ཀྱི“ཚད་གཞི་དམའ་བ་དང་། གྲངས་འབོར་ཉུང་བ། གཙང་སྦྲ་ཞན་པ། དོ་དམ་མི་འདང་བ”སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་འབྲེལ་བྱེད་ཐབས་སྣ་མང་གི་ཐོག་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་བཟོ་བའི“གསང་སྤྱོད་དཀོན་པའི”ཞན་ཆ་གསབ་རྒྱུ་ཡིན་པ་རེད།
         སྐམ་སའི་ཁུལ་དུ་གནས་པའི་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་བལྟོས་བཅས་ཀྱིས་ཞན་སྟབས། ཉེ་བའི་ལོ་འགའི་རིང་ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་དང་གྲོང་གསེབ། ཡུལ་སྐོར་མཛེས་ལྗོངས་ཁུལ། འགྲིམ་འགྲུལ་ལམ་རྒྱུད། ཚོང་དོན་ཁྲོམ་ར་སོགས་གཙོ་གནད་ཁྱབ་ཁོངས་སུ་སྤྱི་པའི་གསང་སྤྱོད་ཡོད་རུང་ད་དུང་ཉུང་དྲགས་པ་དང་ཁོར་ཡུག་གཙང་སྦྲ་ཞན་པ། ལེ་ལག་སྒྲིག་བཀོད་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། མཚོ་སྔོན་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་ཐོག་ཞིང་ཆེན་ཡོངས་ཀྱི་ས་ཆ་སྤྱི་ལེ་ངོས་གྲུ་ཁྲི་72ཐོག་མི་འབོར་ཁྲི་600ཡང་ཟིན་མེད་པ་དང་གཞུང་ལམ་གྱི་ལམ་ཐག་རིང་བ་དང་འབྲོག་པ་གནས་ས་ཁ་ཐོར་ཡིན་པ་མ་ཟད། ལྷག་པར་དུ་ཡུལ་སྐོར་གྱི་དུས་ཚིགས་སླེབས་སྐབས་ཡུལ་སྐོར་བས་བཙོག་གཅིན་གང་བྱུང་དུ་གཏོང་བའི་སྣང་ཚུལ་ཡང་ཡང་ཐོན་གྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཞན་ཆ་དེ་རིགས་གསབ་ཆེད་མཚོ་སྔོན་ཞིང་ཆེན་གྱིས་ལོ་གསུམ་ཙམ་ནང་སྲིད་ཇུས་ཚད་ལྡན་དང་། སྤྱི་འདོམས་སྐུལ་འདེད། སྲིད་ཇུས་ཁྲིད་སྟོན་བཅས་ཀྱི་ཐབས་ཤེས་ལ་བརྟེན་ནས་སྤྱི་པའི་གཙང་སྤྱོད་ཁྲི་19.81བསྐྲུན་རྒྱུ་ཡིན་པའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་དང་། ཞིང་འབྲོག་པའི་ཁྱིམ་སྤྱོད་གསང་སྤྱོད། འགྲིམ་འགྲུལ་ལམ་རྒྱུད་དང་གཙོ་གནད་ས་ཚིགས་ཀྱི་གསང་སྤྱོད། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གསང་སྤྱོད། སྤྱི་པའི་ཞབས་ཞུའི་ལས་ཁུངས་ཀྱི་གསང་སྤྱོད་སོགས་རིགས་མི་འདྲ་བའི་གསང་སྤྱོད་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།