འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་འཐུས་ཚོགས་ཀྱིས་གསར་འགོད་པའི་ཚོགས་འདུ་འཚོགས་ནས་འཕེལ་སྒྱུར་ཨུ་ལྷན་གྱི་
    འབྲེལ་ཡོད་འགན་འཁུར་བས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བསྐྱོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་08ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔའི་ཀྲུང་གོའི་དཔལ་འབྱོར་དུས་བབ་ལ་ལྟ་སྟངས་ཇི་ལྟར་འཛིན་གྱི་ཡོད་དམ། འདི་ལོ་ཐོན་ནུས་དོར་བའི་ཐད་བྱ་ཐབས་གང་དག་ཡོད་དམ། ཇི་ལྟར་བྱས་ཏེ་ཚོང་གཉེར་གྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་དགོས་སམ། ཚེས་6ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་གསར་འགོད་པའི་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཧྥུང་དང་། ཀྲུའུ་རེན་གཞོན་པ་ཀྲང་ཡུང་། ཀྲུའུ་རེན་གཞོན་པ་ཉིང་ཅི་ཀྲེ་བཅས་ཀྱིས་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བསྐྱོན་པ་རེད།
         2017ལོར་ཀྲུང་གོའི་དཔལ་འབྱོར་ལ་དོ་ཁུར་བྱེད་ས་མང་པོ་ཡོད་པ་སྟེ། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་82.7ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1351གསར་དུ་ལས་ཞུགས་ཐུབ་པ། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1289ཉུང་དུ་ཕྱིན་ནས་ལྗང་མདོག་འཕེལ་རྒྱས་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་རེད། “དུས་རབས་གོང་མའི་ལོ་རབས་80པའི་སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་མཚམས་ལ་ཕྱིར་དྲན་བྱས་ན་2000ལོར་སླེབས་སྐབས་ཀྱི་འབད་འཐབ་དམིགས་ཚད་ནི་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ཨ་སྒོར་800ཙམ་ཟིན་པ་བྱ་རྒྱུ་དེ་རེད་ཅེས་བཏོན་ཡོད། ང་ཚོའི་ད་ལྟ་ལོ་གཅིག་གི་མི་རེའི་ཆ་སྙོམས་དཔལ་འབྱོར་འཕར་ཚད་ཨ་སྒོར་900ཙམ་ཟིན་པས‘རང་རྒྱལ་འདི་ཉིད་དཔེ་མི་སྲིད་པ་ཞིག་རེད’”ཅེས་ཧོ་ལི་ཧྥུང་གིས་གསུངས།
         ཉིང་ཅི་ཀྲེས་འདི་ལོའི་ཐོན་ནུས་དོར་བར“མེད་པ་བཟོ་བ་དང་། ལེགས་སྒྲིག་བྱེད་པ། སྒྱུར་བཅོས་བྱེད་པ། བཀོད་སྒྲིག་བྱེད་པ”བཅས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས། ཕན་ནུས་མེད་པའི་མཁོ་སྤྲོད་མུ་མཐུད་མེད་པ་བཟོ་བ་དང་། ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་གཏོང་བ། ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་ལ་སྐུལ་འདེད་གཏོང་བ། ལས་བཟོ་བཀོད་སྒྲིག་དང་བུ་ལོན་གྱི་གནད་དོན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲང་ཡུང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གསར་འགོད་པའི་གནད་དོན་ལ་ལན་སྐྱོན་སྐབས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འབྱུང་འགྱུར་ལོ་ལྔའི་རིང་གི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་བཟོ་བཞིན་ཡོད་པ་དང་གཙོ་གནད་ཐོག་ཕྱོགས་གསུམ་ཐད་ཤུགས་རྒྱག་རྒྱུ་ཡིན་པ་སྟེ། གཅིག་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་ས་ཁུལ་དེ་གའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་རིགས་མི་འདྲ་བར་དབྱེ་སྟེ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གཉིས་ནི་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་མ་ལག་འཛུགས་པ། སྣོད་བཅུད་སྡོད་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་སོགས་ལ་དམིགས་ཏེ་གཙོ་གནད་ལས་འགན་གཏན་འཁེལ་བྱ་རྒྱུ། གསུམ་ནས་འདེགས་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་རྒྱུར“མི་རྒྱུ་དངུལ་གསུམ”གྱི་འགན་ལེན་བྱ་རྒྱུ་རེད་ཅེས་ལན་བསྐྱོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།