འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་རིས་ཨུ་རུ་སུའི་ཕྱི་འབྲེལ་སྲིད་ཇུས་ལ་འགྱུར་ལྡོག་གཏོང་རྩིས་
    བྱས་པའི་དམིགས་ཡུལ་འགྲུབ་མི་སྲིད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན་ཨུ་རུ་སུའི་《ཚོང་གཉེར་བའི་ཚགས་པར་》ཐོག་ཨ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ་ཡི་གཏམ་བཤད་དྲངས་ནས་གནས་ཚུལ་སྤེལ་ཏེ་ཨ་རིས་ཨུ་རུ་སུའི་ཕྱི་འབྲེལ་སྲིད་ཇུས་ལ་འགྱུར་ལྡོག་གཏོང་རྒྱུའི་གནོན་ཤུགས་སྤྲོད་རྩིས་བྱས་པར་གྲུབ་འབྲས་ཐོབ་མི་སྲིད་ཅེས་གསུངས་པ་རེད།
         ལ་ཧྥུའུ་ལུའོ་ཧྥུའུ་ཡིས་《ཚོང་གཉེར་བའི་ཚགས་པར་》གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཨུ་རུ་སུའི་ཕྱི་འབྲེལ་སྲིད་ཇུས་ལ་ཨུ་རུ་སུའི་རྒྱལ་ནང་དུ་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དང་། ཨ་རིས་ཨུ་རུ་སུའི་ཕུལ་བྱུང་མི་སྣ་དང་ཚོང་ལས་ལས་རིགས་ཀྱི་མི་སྣར་གནོན་ཤུགས་སྤྲོད་པའི་བྱེད་ཐབས་བརྒྱུད་ཨུ་རུ་སུའི་ཕྱི་འབྲེལ་སྲིད་ཇུས་འགྱུར་ལྡོག་གཏོང་རྩིས་བྱས་པར་གྲུབ་འབྲས་ཐོབ་མི་སྲིད་ཅེས་བཤད་པ་རེད། ཁོང་གིས་མོ་སི་ཁོས་ཁ་གཏད་དུ་ལངས་རྒྱུ་འཚོལ་མི་སྲིད། དེར་བརྟེན་ཨ་རིས་ཨུ་རུ་སུར་བཀག་སྡོམ་བྱེད་མི་ཐུབ་ལ། དམིགས་ཡུལ་ཀྱང་དེ་བས་འགྲུབ་མི་སྲིད་ཅེས་བཤད་པ་རེད།
         ཨུ་རུ་སུ་དང་ཨ་རིའི་འབྲེལ་བའི་སྐོར་གླེང་སྐབས། ལ་ཧྥུའུ་ལུའོ་ཧྥུའུ་ཡིས་ཨ་རིས་ཨུ་རུ་སུར་སྔར་བྱུང་མྱོང་མེད་པའི་བཙན་འཛུལ་རང་བཞིན་གྱི་སྲིད་ཇུས་ཁྱབ་གདལ་བཏང་ནའང་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཨུ་རུ་སུའི་གྲོས་འགོར་སྔར་བཞིན་ཕན་ནུས་ལྡན་ཡོད་ཅེས་བཤད།
         ལ་ཧྥུའུ་ལུའོ་ཧྥུའུ་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སུའི“དམར་ཐིག”སྟེ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་མཐའ་མཚམས་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས། ནུབ་ཕྱོགས་ཀྱི་ཆབ་སྲིད་མཁས་ཅན་ཚོས་འཇམ་འཐབ་དུས་སྐབས་སུའང“དམར་ཐིག”དེར་བརྩི་འཇོག་ཐོབ་ཡོད་པ་གསལ་པོ་ཤེས་ངེས་ཡིན་ཞེས་གསུངས།
         ཐེ་རོན་ཕུའུ་ཡིས་ན་ནིང་གི་ཟླ་8ཚེས་2ཉིན་ཨུ་རུ་སུ་དང་། དབྱི་རན། ཁྲའོ་ཞན་བཅས་རྒྱལ་ཁབ་གསུམ་པོར་དམིགས་ནས་བཀག་སྡོམ་བྱེད་པའི་ཁྲིམས་དོན་གྲོས་གཞི་ཞིག་ལ་མིང་རྟགས་བཀོད་པ་རེད། ཁྲིམས་དོན་གྲོས་གཞི་དེ་གཞིར་བཟུང་། ཨ་རིས་ཨུ་རུ་སུས་2016ལོའི་ཨ་རིའི་ཙུང་ཐུང་གི་འདེམས་བསྐོ་དང་ཡུག་རེན་གྱི་ཉམས་ཉེན་སོགས་ལ་ཐེ་ཇུས་བྱས་པའི་དོགས་པར་ཁ་གཡར་ནས་ཨུ་རུ་སུའི་འབྲེལ་ཡོད་མི་སྣ་དང་སྒྲིག་གཞིར་བཀག་སྡོམ་བྱེད་མང་དུ་བཏང་ཡོད་པ་རེད།
         ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཉིན་ཤས་གོང་གནས་ཚུལ་སྤེལ་ནས་ཨ་རིས་ཉེ་དུས་ཨུ་རུ་སུར་བཀག་སྡོམ་གསར་པ་བྱ་རྒྱུ་སྟེ་ཨུ་རུ་སུའི་མཐོ་རིམ་དབང་ཆའི་ཚོང་པ་50དང་ཁོང་ཚོའི་གཉེན་ཉེ་དང་འབྲེལ་བ་ཡོད་སྲིད་ཅེས་འཁོད་ཡོད། ཨུ་རུ་སུའི་ཕྱི་འབྲེལ་པུས་ཨ་རིས་ཨུ་རུ་སུར་བཀག་སྡོམ་གསར་པ་བྱས་ཚེ་ཨུ་རུ་སུས་དེ་མཚུངས་ཀྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་དེ་ནི་ཨུ་རུ་སུའི་གཞན་དབང་གི་གདམ་ག་ཡིན་ཞེས་ཐེངས་མང་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།