འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཧེ་ལུང་ཅང་དུ་གངས་འཁྱགས་ཡུལ་སྐོར་གྱི་ཚ་རླབས་འཕྱུར།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “སྣ་མང་ཕུན་སུམ་ཚོགས་པའི་འཁྱགས་པའི་འཇིག་རྟེན་དེ་རྨི་ལམ་ལྟར་འདུག”ཅེས་ཀྲེ་ཅང་གི་ཡུལ་སྐོར་བ་སྐུ་ཞབས་ཁྲེན་ལགས་ཀྱིས་མཛེས་སྡུག་ལྡན་པའི་འཁྱགས་པའི་འཇིག་རྟེན་གྱི་རྣམ་པ་དེ་དག་མཐོང་སྐབས་ཧང་སངས་ནས་དེ་ལྟར་བརྗོད། ད་ཐེངས་ཀྱི་བྱེད་སྒོའི་ནང་གངས་ཏུན་ཁྲི་8དང་འཁྱགས་པ་ཏུན་500སྤྱད་དེ་མཛེས་སྡུག་ངོ་མཚར་ལྡན་པའི་གངས་འཁྱགས་ཀྱི་འཇིག་རྟེན་ཞིག་བསྐྲུན་ཡོད།
         ད་ཐེངས་ཀྱི་ལས་རིགས་བརྒལ་བའི་མཉམ་ལས་དེ་ནི་ཐོན་རྫས་རིམ་སྤོར་ཞིག་ཡིན་ལ་གཉེར་འཚོང་བྱེད་ཐབས་གསར་པ་ཞིག་ཀྱང་རེད། བྱེད་སྒོའི་འགན་ཁུར་བས་ན་ནིང་ཟླ་12ཚེས་31ཉིན་རྣམ་གྲངས་དེ་དངོས་སུ་བསྐྲུན་འགོ་ཚུགས་པ་དང་གངས་འཁྱགས་ཀྱི་འཇིག་རྟེན་ལ་ལྟ་བར་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་6ཟིན་ནས་ཉིན་གཅིག་གི་ལྟ་སྐོར་བྱེད་མཁན་མི་གྲངས་ཀྱི་ཟིན་ཐོ་བཏོད་ཡོད་ཅེས་བརྗོད་བྱུང་།
         ཧེ་ལུང་ཅང་དུ་ཐུན་མོང་མ་ཡིན་པའི་གངས་འཁྱགས་ཀྱི་ཐོན་ཁུངས་ཡོད་པ་དང་ཐོན་ཁུངས་དེ་དག་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ལེགས་ཆའི་ཐོན་རྫས་སུ་ཇི་ལྟར་འགྱུར་རྒྱུའི་ཐད། ཧེ་ལུང་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”བྱེད་ཕྱོགས་ལ་གཞིགས་ནས་མཁོ་སྤྲོད་བཟང་སྒྲིག་དང་རྩེར་སོན་གཏོད་པ་སོགས་ཀྱིས་ཀྲུང་གོའི་གངས་འཁྱགས་ཡུལ་སྐོར་གྱི་ཕུལ་བྱུང་གནས་ཧུར་ཐག་བཏོད་དེ་གངས་འཁྱགས་ཡུལ་སྐོར་དེ་ཧེ་ལུང་ཅང་གི་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ནུས་གལ་ཆེན་ཞིག་ཏུ་འགྱུར་བའི་བསམ་ཕྱོགས་གསལ་བཟོ་དང་ཆོད་སེམས་བརྟན་པོ་བཙུགས་པ་རེད།
         ན་ནིང་དགུན་ཁ་ནས་བཟུང་ཧེ་ལུང་ཅང་གི་གངས་འཁྱགས་ཡུལ་སྐོར་ཐད་བྱ་ཐབས་སྣ་མང་མཉམ་དུ་སྤྱད་དེ་ཧེ་ལུང་ཅང་ལུས་རྩལ་སྡེ་ཚན་གྱི་གངས་འཁྱགས་འགྲན་བསྡུར་རྣམ་གྲངས་760ལྷག་ཙམ་དང་། རིག་གནས་སྡེ་ཚན་གྱི་རིག་རྩལ་འཁྲབ་སྟོན་4000ལྷག་ཙམ། སྐབས་དང་པོའི“ཧར་པིན་རོལ་དབྱངས་འགྲན་བསྡུར”སོགས་གཉེར་བས་ཡུལ་སྐོར་བས་ཐུན་མོང་མ་ཡིན་པའི་གངས་འཁྱགས་ཀྱི་མཛེས་ལྗོངས་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད་ལ། ཧར་པིན་གྱི་རོལ་དབྱངས་གྲོང་ཁྱེར་གྱི་ཉམས་འགྱུར་ཡང་ཚོར་ཐུབ་པ་བྱུང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་དཔྱིད་གསར་དུས་ཆེན་གྱི་རྫོགས་ལྡན་གཟའ་འཁོར་རིང་ཧེ་ལུང་ཅང་གིས་ཁྱོན་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1009.49ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་12.02%འཕར་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་120.47བྱུང་བ་དེ་དུས་མཚུངས་ལས་12.11%འཕར་ཡོད། 2022ལོར་ཧེ་ལུང་ཅང་གིས་གངས་འཁྱགས་ཡུལ་སྐོར་ལ་ལྟ་བར་ཡོང་མཁན་གྱི་མི་གྲངས་དུང་ཕྱུར་1ལས་བརྒལ་བ་དང་གངས་འཁྱགས་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་1200ལས་བརྒལ་བ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།