འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་འཛམ་གླིང་ཐའེ་ཆོན་སྦེ་གའི་འཛམ་གླིང་བུམ་པའི་ཚོགས་པའི་འགྲན་བསྡུར་
    གྱི་ལེགས་སྐྱེས་འགྲན་བསྡུར་ཝུའུ་ཤིས་སུ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་29ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་27ཉིན། སྐབས་དང་པོའི་འཛམ་གླིང་ཐའེ་ཆོན་སྦེ་གའི་འཛམ་གླིང་བུམ་པའི་ཚོགས་པའི་འགྲན་བསྡུར་གྱི་ལེགས་སྐྱེས་འགྲན་བསྡུར་ཝུའུ་ཤིས་ཐའེ་ཧུའུ་རྒྱལ་སྤྱིའི་དངོས་མང་འགྲེམས་སྟོན་ལྟེ་གནས་སུ་མཇུག་འགྲིལ་ཞིང་། གཙོ་གཉེར་མཁན་ཡིན་པའི་ཀྲུང་གོའི་རུ་ཁག་གིས་ཐའེ་ཆོན་སྦེ་གའི་ཚོགས་པའི་འགྲན་བསྡུར་གྱི་དབང་སྒྱུར་གནས་བབ་བསྲུངས་པ་མ་ཟད། འགྲན་བསྡུར་རྣམ་གྲགས་གསུམ་གྱི་བུད་མེད་ཚོགས་པ་དང་མཉམ་འདྲེས་ཚོགས་པའི་གསེར་གྱི་རྟགས་མ་གཉིས་བླངས་ཡོད། དབྱི་རན་རུ་ཁག་གིས་སྐྱེས་པའི་ཚོགས་པའི་ཨང་དང་པོ་དང་བྱ་དགའི་དངུལ་ཨ་སྒོར་20000བླངས་པ་རེད།
         2017ལོ་ནས་2018ལོ་བར་གྱི་འཛམ་གླིང་ཐའེ་ཆོན་སྦེ་གའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་རིམ་སྤེལ་འགྲན་བསྡུར་མཇུག་ཤོས་ཡིན་པའི་ཚེས་27ཉིན་གྱི་འཛམ་གླིང་བུམ་པའི་ཚོགས་པའི་འགྲན་བསྡུར་ལ་རིམ་ཁག་འགོ་ཁྲིད་ཀྱིས་དོ་ཁུར་ཆེན་པོ་བྱས་ཡོད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀྲུང་གོ་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཀོའུ་ཀྲུང་ཝུན་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཡུས་ཙའེ་ཆིང་། འཛམ་གླིང་ཐའེ་ཆོན་སྦེ་གའི་མནའ་འབྲེལ་ཀྲུའུ་ཞི་ཀྲའོ་ཀྲེང་ཡོན་སོགས་འགྲན་བསྡུར་ལ་གཟིགས་པར་ཕེབས་ཡོད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཐུའོ་མ་སི·པ་ཧེ་ཡིས་བརྙན་ལམ་བརྒྱུད་འགྲན་བསྡུར་ལ་རྟེན་འབྲེལ་ཞུས་ཤིང་། ཁོང་གིས“WTཡི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གཉེར་ཐུབ་པ་ནི་ཡར་རྒྱས་ཆེན་པོ་བྱུང་བ་ཞིག་དང་དེས་ཐའེ་ཆོན་སྦེ་གའི་ལུས་རྩལ་ནང་ཞུགས་མཁན་འཛམ་གླིང་ལུས་རྩལ་པའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་དང་གསར་གཏོད་རྣམ་པའི་འགྲན་བསྡུར་ནང་འཛམ་གླིང་ཐོག་གི་ལུས་རྩལ་པ་ཡག་ཤོས་ཀྱི་གར་སྟེགས་ཐོག་བསྐྱོད་ཐུབ་རྒྱུ་མ་ཟད། འཛམ་གླིང་ཐོག་གི་སྐྱེ་བོ་མང་དག་ཅིག་གིས་རླབས་ཆེའི་ལུས་རྩལ་འདི་ཉིད་མི་སེམས་ལ་གཡོ་འགུལ་ཚད་མེད་ཐེབས་པའི་ལུས་རྩལ་ཞིག་ཡིན་པའང་ཚོར་རྒྱུ་རེད། ཁྱེད་ཚོས་ད་ལྟ་སྒྲུབ་བཞིན་པ་ནི་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་བཏང་བ་དང་ཆབས་ཅིག་ལུས་རྩལ་ལས་འཕེལ་པའི་སྤྲོ་སྣང་འདི་ཉིད་བརྒྱུད་སྤེལ་བྱེད་པ་དང་གཉིས་སུ་མེད”ཅེས་གསུངས།
        འགྲན་བསྡུར་མཇུག་འགྲིལ་རྗེས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་འཛམ་གླིང་ཐའེ་ཆོན་སྦེ་གའི་མནའ་འབྲེལ་ཀྲུའུ་ཞི་ཀྲའོ་ཀྲེང་ཡོན་གྱིས་སླར་ཡང་འགྲན་བསྡུར་དེར་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས“དང་ཐོག་ཝུའུ་ཤིས་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་འདི་ལོའི་འགྲན་བསྡུར་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་དང་འགོ་ཡག་པོ་འདི་འདྲ་ཞིག་འཛུགས་ཐུབ་པས། ཕྱིས་སུ་འགྲན་བསྡུར་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་རྒྱུ་ཉག་གཅིག་ཡིན་པ་ངར་ཡིད་ཆེས་ཡོད། འགྲན་བསྡུར་དེ་གཉེར་བ་བརྒྱུད་ཝུའུ་ཤིས་འདི་ཉིད་ཀྲུང་གོའི་ཐའེ་ཆོན་སྦེ་གའི་ཕ་ཡུལ་དུ་འགྱུར་བར་ང་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད་ཐའེ་ཆོན་སྦེ་གའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་དང་ཝུའུ་ཤིས་གཉིས་པོའི་ལས་དབང་ཆུ་རྒྱུན་བཞིན་ཡུན་ནས་ཡུན་དུ་གནས་སྲིད”ཅེས་གསུངས། ཁོང་གིས་ད་དུང་འགྲན་བསྡུར་གང་ཞིག་ཡིན་ཡང་རྒྱལ་ཕམ་ཡོང་སྲིད། རྒྱལ་ཁ་ཐོབ་མཁན་གྱིས་ཐལ་མོའི་རྡེབ་སྒྲ་ལོངས་སུ་སྤྱོད་ནའང་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་རིམ་སྤེལ་འགྲན་བསྡུར་ནང་ཞུགས་མཁན་གྱི་ལུས་རྩལ་པ་དང་རུ་ཁག་མཐའ་དག་འགྲན་བསྡུར་ཆེ་མོའི་ནང་གི་ཨང་དང་པོ་ཤ་སྟག་ཡིན་པས། ཆུ་ཚད་མཐོ་བའི་འགྲན་བསྡུར་དེའི་ནང་ཕམ་ཉེས་བྱུང་ནའང་ཁོང་ཚོར་བརྩི་འཇོག་དང་ལྕག་སྐུལ་བྱེད་དགོས་ངེས་རེད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།