འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོའི་རིག་སྐྲུན"གྱིས་ལྷོ་ཨ་ཧྥེ་རི་ཁའི་འགན་ལེན་སྡོད་ཁང་བསྐྲུན་མགྱོགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་29ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་11པར་ལྷོ་ཨ་ཧྥེ་རི་ཁའི་ཧའོ་ཏེང་ཧྲེང་གི་གཡོད་ཧན་ཏུའུ་པུའུ་ཡི་གྲོང་གསར་རྣམ་གྲངས་ལས་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ཤིང་། གྲོང་གསར་རྣམ་གྲངས་དེས་ས་ཁྱོན་སྤྱི་ཆིང་497.22བཟུང་ཡོད་པ་དང་། ས་གནས་དེ་གའི་གྲོང་མིར་སྡོད་ཁང་དང་། ཚོང་ལས། འཚོ་བ་སོགས་ཀྱི་ལྷན་སྦྱར་སྒྲིག་བཀོད་དང་དེ་བཞིན་ལས་ཀའི་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་རེད། ཀྲུང་གོ་དམངས་འཚོ་མ་འཇོག་ཚོགས་པའི་གཤམ་འོག་གི་ཀྲུང་མིན་ཀྲུའུ་ཡིའུ་ཚན་རྩལ་ཚོགས་པས་བསྐྲུན་འགན་འཁུར་བའི་གྲོང་གསར་དེའི་ནང་འགན་ལེན་ཁང་པ་དང་། སྤྱི་པའི་བོགས་གཏོང་ཁང་པ། ཚོང་སྒྱུར་སྡོད་ཁང་བཅས་ཚུད་པའི་སྡོད་ཁང་ཆ་ཚང་ཁྲི་1.8ཡོད་པ་དང་དེ་བཞིན་སློབ་གྲྭ་དང་། སྨན་ཁང་། ཉོ་སྒྲུབ་ལྟེ་གནས་སོགས་ལྷན་སྦྱར་སྒྲིག་བཀོད་བསྐྲུན་རྒྱུ་བཅས་ཚུད་ཡོད།
         ལས་གྲྭ་དེ་བསྐྲུན་མཁན་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས་མི་ཤུགས་དང་ནོར་ཤུགས་བཏོན་པ་ཕུད་ད་དུང་རྣམ་གྲངས་དེར་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་ལག་རྩལ་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱི་རྣམ་གྲངས་ཚོགས་ཆུང་གིས་ལག་རྩལ་དོ་དམ་གྱི་རིགས་གཅིག་མཁས་ཅན་ཁག་གཅིག་བཏང་ནས་ས་གནས་དེ་གར་ལྗང་མདོག་འཛུགས་སྐྲུན་ཚན་རྩལ་གླིང་བསྐྲུན་རྒྱུའི་འགན་ཁུར་བ་མ་ཟད། ས་གནས་དེ་གའི་བཟོ་པར་རང་བརྟེན་ཞིབ་སྤེལ་གྱི་སྒྲིག་ཆས་རྣམ་པའི་ཨར་འདམ་གྱང་གི་སྒྲོམ་གཞིའི་མ་ལག་བཟོ་སྟངས་སློབ་པ་དང་དེ་རྗེས་སླར་ཡང་རྒྱུ་ཆ་དེ་དག་ཨར་རྒྱག་ལས་ཡུལ་དངོས་སུ་དབོར་ནས་སྒྲིག་སྦྱོར་བྱས་ཡོད། སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་བྱེད་ཐབས་དེ་རིགས་སྤྱད་དེ་ཉལ་ཁང་གཉིས་དང་། ཚོམས་ཆེན་གཅིག ཐབ་ཚང་གཅིག་དང་གསང་སྤྱོད་གཅིག་བཅས་སྨི་ངོས་གྲུ་40ཡོད་པའི་ཁང་པ་ཉིན་གཅིག་ནང་སྒྲིག་སྦྱོར་བྱེད་ཐུབ་པ་དང་ཉིན་གསུམ་ནང་མཛེས་བཟོ་ཚར་ནས་ལམ་སེང་སྤོ་ཐུབ་ཀྱི་ཡོད།
         ལྷོ་ཨ་ཧྥེ་རི་ཁའི་སྡོད་ཁང་པུའུ་ཡི་པུའུ་ཀྲང་ལིན་ཏི་ཝེ·ཤིས་སུའུ་ལུས་ཀྲུང་གོའི་ཀུང་སིས་བསྐྲུན་པའི་དཔེ་དབྱིབས་སྡོད་ཁང་ལ་ལྟ་སྐོར་བྱས་རྗེས་སྔོན་ཐོན་གྱི་འཛུགས་སྐྲུན་ལག་རྩལ་ལ་བསྔགས་བརྗོད་བྱས་ཤིང་། ཁོང་གིས་ས་ཁུལ་དབུལ་པོའི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ནི་ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གི་མིག་སྔའི་ལས་འགན་གཙོ་བོའི་གྲས་ཤིག་རེད། དཔེ་དབྱིབས་སྡོད་ཁང་དེ་དག་མཐོང་སྐབས་ས་ཁུལ་དབུལ་པོའི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱ་རྒྱུའི་རང་ཉིད་ཀྱི་ཆོད་སེམས་ཆེ་རུ་ཕྱིན་སོང་ཞེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།