འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ངའི"ཚེ་གང་གི་དགེ་རྒན་ཆེ་མོ་བ"

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་29ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། 1973ལོར་ང་གཉིས་ཧྲང་ཧའེ་ལ་ངོ་ཤེས་པ་དང་། ཁོང་ནི་ང་ཚོར་དབྱི་ཐ་ལིའི་སྐད་སློབ་མཁན་གྱི་ཕྱི་རྒྱལ་དགེ་རྒན་རེད། ཁོང་གི་མིང་ཆ་ཚང་ལ་ཨ་ལེ་སང་ཏེ་ལ་·ལ་ཝ་ཉི་ནོ་ཟེར་བ་དང་རྒྱ་སྐད་ཀྱི་མིང་ལ་ལན་ཧྲན་ཏེ་ཟེར་གྱི་ཡོད། ལོ་40ཙམ་རིང་། ང་ཚོའི་དབར་གྱི་མཛའ་གྲོགས་དེ་སྐབས་དེ་དུས་ཀྱི་དགེ་སློབ་ནས་དགེ་རྒན་ཡག་པོ་དང་གྲོགས་པོ་བཟང་པོ་ཞིག་ཏུ་གྱུར།
         ཁོང་གི་པཱ་ལགས་ཀྱིས་ཀྲུང་གོར་ཡུལ་སྐོར་ཐེངས་དང་པོ་བྱས་པའི་རྗེས་ཀྲུང་གོས་ཁོང་གི་ཡིད་དབང་ཅིག་ཅར་དུ་འཕྲོག
         1972ལོར་རང་ཉིད་ཧྲང་ཧའེ་ཕྱི་སྐད་སློབ་གླིང(ད་ཆ་ཧྲང་ཧའེ་ཕྱི་སྐད་སློབ་ཆེན་ཡིན)ལ་སྟབས་ལེགས་ནས་རྒྱུགས་འཕྲོད་དེ་དབྱི་ཐ་ལིའི་སྐད་ཀྱི་ཆེད་ལས་སྦྱངས། 1973ལོར་ཧྲང་ཧའེ་ཕྱི་སྐད་སློབ་གླིང་གིས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་ཁག་གཅིག་གདན་དྲངས་པའི་ནང་སང་ཏེ་ལའང་ཡོད། ལོ་40ཙམ་འདས་ཟིན་ནའང་། སང་ཏེ་ལ་ཐོག་མར་མཇལ་བའི་སྐབས་ཀྱི་གནས་ཚུལ་ད་དུང་བློ་ལ་ལྷང་ངེར་གསལ་སྟེ། དེ་དུས་སྟེགས་བུའི་ཐོག་ཁོང་དགུང་ལོ་ཆུང་ཞིང་མཛེས་ཉམས་ལྡན་ལ་གསོན་ཤུགས་ཀྱིས་ཁེངས་པའི་ཁར་དབྱི་ཐ་ལི་བར་དམིགས་བསལ་དུ་ཡོད་པའི་ལག་བརྡ་བྱེད་སྟངས་སོགས་ལས་ཁོང་གི་རྣམ་འགྱུར་ཧ་ཅང་ཡིད་དབང་འཕྲོག་ཤུགས་ལྡན་པ་ཞིག་ངང་གིས་མངོན།
         ངེས་གསལ་ལ་ཚ་བ་ཆེ་བའི་དབྱར་དུས་ཀྱི་ཉིན་ཞིག་ཡིན་པ་སྟེ། སང་ཏེ་ལས་ཀྲུང་གོའི་དགེ་རྒན་དང་འཛིན་གྲྭའི་སློབ་མ་ཡོངས་རང་ཉིད་སྡོད་སའི་ཧོང་ཕུའུ་གཙང་འགྲམ་གྱི་ཧྲང་ཧའེ་ཐོག་བརྩེགས་ཁང་ཆེན་གྱི་ཉལ་ཁང་དུ་འབོད་ཅིང་། དེ་དུས་ཧྲང་ཧའེ་ཡི་དབྱར་ཁ་ཚ་གདུག་ཤིན་ཏུ་ཆེ་བས་སང་ཏེ་ལས་གྲ་སྒྲིག་བྱས་པའི་ཤིས་ཀྭ་ཡིས་སྣེ་ལེན་ཞུས་པ་དང་། ཚོམས་ཆེན་གྱི་དཔེ་སྒྲོམ་ནང་རྒྱ་ཡིག་གི་དུས་དེབ་《མི་དམངས་རྩོམ་རིག་》གྲལ་འགྲིག་པོས་བསྒྲིགས་པ་མཐོང་བྱུང་། དེ་དུས་ཁོང་གིས་རྒྱ་ཡིག་ཤེས་ཀྱི་ཡོད་དམ་སྙམ། གང་ལགས་ཤེ་ན། ཁོང་གིས་ང་ཚོར་སློབ་ཚན་འཁྲིད་སྐབས་རྒྱ་སྐད་གཏན་ནས་བརྒྱབ་མྱོང་མེད་པས་ཡིན། ཡིན་ནའང་། ང་ཚོས་སློབ་ཚན་སྐབས་ཕན་ཚུན་རྩོད་གླེང་བྱེད་སྐབས། ཁོང་གི་མིག་མདངས་ནས་ང་ཚོས་བཤད་པའི་སྐད་ཆའི་ནང་དོན་ཤེས་པའི་ཚོར་སྣང་ཞིག་སྦྱིན། ཁོང་རོ་མ་སློབ་ཆེན་ནས་རྒྱའི་སྐད་ཡིག་ཆེད་ལས་སྦྱངས་ཏེ་ཀྲུང་གོར་ཡོང་བ་ཞིག་ཡིན་པ་ཕྱིས་སུ་ཤེས་པ་དང་། ལོ་མང་སོང་བའི་རྗེས་ཅི་འཕྲོས་མོལ་འཕྲོས་བྱེད་པའི་སྐབས་གནས་ཚུལ་དེའི་སྐོར་གླེང་ཞིང་། ཁོང་གིས་དེ་དུས་ལས་ཀ་གཙོ་བོ་ནི་དབྱི་ཐ་ལིའི་སྐད་ཁྲིད་རྒྱུ་དེ་ཡིན་པས། སློབ་ཕྲུག་ལ་རྒྱ་སྐད་མི་རྒྱག་པ་ནི་ང་ཚོས་ཕྱིའི་སྐད་ཡིག་སྦྱོང་བར་སྔར་བས་ཕན་ཐོགས་ཡོང་བའི་ཆེད་དུ་ཡིན་ཞེས་བཤད།
         སང་ཏེ་ལ་ཀྲུང་གོར་སློབ་ཚན་འཁྲིད་པར་ཡོང་དོན་ཅི་ཡིན་ཐད་ལ། ཁོང་གི་པཱ་ལགས་ཀྱིས་ཀྲུང་གོར་ཡུལ་སྐོར་ཐེངས་དང་པོ་བྱས་པའི་རྗེས་ཀྲུང་གོས་རང་ཉིད་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཚུལ་ཁོང་གིས་ང་ལ་བཤད་བྱུང་། ཁོང་གི་ཕ་ནི་རོལ་དབྱངས་མཁས་ཅན་ཕུའུ་ལང་ཆེ་སི་ཁོའོ་·ལ་ཝ་ཉི་ནོ་ཡིན་པ་དང་《ཕ་རི་སིའི་ཡེ་ཤུའི་ཡུམ་གྱི་ལྷ་ཁང་》ཞེས་པའི་རོལ་དབྱངས་རྩོམ་མཁན་ཡང་ཡིན། 1957ལོར་ཕུའུ་ལང་ཆེ་སི་ཁོའོ་·ལ་ཝ་ཉི་ནོ་དང་དབྱི་ཐ་ལིའི་གྲགས་ཅན་འཁྲབ་འཁྲིད་པ་ལི་ཀྲ་ཉི་ཡིས་ཀྲུང་གོར་གནས་ཚུལ་དངོས་མཚོན་གློག་བརྙན་《ལྕགས་རི་རིང་པོ་》ཞེས་པ་པར་ལེན་བྱེད་སྐབས་ཙུང་ལི་ཀྲོའུ་ཨེན་ལའེ་ཡི་མཇལ་འཕྲད་ཐོབ་པ་དང་འབྲེལ་གདན་ཞུས་ལྟར་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཡང་ཞུགས་ཡོད། ཁོང་གི་ཕ་ཀྲུང་གོ་ནས་ལོག་རྗེས་ཕྲུ་གུ་ཚོར་ཀྲུང་གོའི་མཐོང་ཐོས་བརྗོད་པ་དེས་སང་ཏེ་ལར་བག་ཆགས་ཟབ་མོ་ཞིག་བཞག་ཡོད། དུས་དེ་ནས་བཟུང་ཁོང་གིས་རྒྱ་ཡིག་སྦྱོང་རྒྱུའི་སེམས་ཐག་བཅད་ནས་ངོ་མཚར་ཆེ་བའི་རྒྱལ་ཁམས་འདིར་ཡོང་།
         ཁོང་གི་ཁྱིམ་ནི“ཀྲུང་གོའི་རིག་གནས་བསྡུ་ཉར་ཁང་ཆུང་ཆུང”ཞིག་རེད།
         དུས་རབས་ཕྱེད་ཀ་ཙམ་རིང་ང་ཚོ་སོ་སོའི་ལས་ཀར་འགྱུར་ལྡོག་བྱུང་ཡོད། ངས་དེ་སྔོན་དབྱི་ཐ་ལིའི་ཧྥེ་ལུའོ་ཅ་ཕྱི་རྒྱལ་བའི་སློབ་ཆེན་དུ་ཟབ་སྦྱོང་ལོ་གཉིས་བྱས་པ་ཡིན། དེ་རྗེས་ཀྲུང་གོར་བཅའ་སྡོད་དབྱི་ཐ་ལིའི་གཞུང་ཚབ་ཆེ་མོ་ཁང་དུ་ཕྱི་འབྲེལ་དཔོན་ཞིག་བྱས། 1985ལོ་ནས་བཟུང་ངས་སྔ་རྗེས་སུ་དབྱི་ཐ་ལིར་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཡན་ལག་ཁང་གི་གསར་འགོད་པའི་ལས་འགན་ཐེངས་བཞི་ཁུར་བ་ཡིན། སང་ཏེ་ལས་སྔ་རྗེས་སུ་ཧྲང་ཧའེ་ཕྱི་སྐད་སློབ་གླིང་དུ་དགེ་རྒན་ཐེངས་གཉིས་བྱས་པ་དང་ཀྲུང་གོར་བཅའ་སྡོད་དབྱི་ཐ་ལིའི་གཞུང་ཚབ་ཆེ་མོ་ཁང་གི་གསར་འགྱུར་དཔོན་གྱི་འགན་ཁུར་ཡོད།
         ངས་ཁོང་ལ་བཅར་འདྲི་ཐེངས་ཁ་ཤས་བྱེད་མྱོང་ཡོད། ཀྲུང་གོ་དང་འབྲེལ་བ་ཡོད་པའི་སྐོར་གླེང་སྐབས་ཁོང་ལ་བརྗོད་མི་ཚར་བའི་སྐད་ཆ་ཤོད་རྒྱུ་ཡོད། བཅར་འདྲི་དང་པོ་དེ་ནི་ཁོང་གིས་ལོ་བཅུ་དྲུག་སྤྱད་ནས་ཀྲུང་གོའི་གནའ་རབས་གྲགས་རྩོམ་《རྩོམ་གཞུང་འབྲུག་གཟུགས་མ་》ཡིག་སྒྱུར་བྱས་ནས་དཔེ་སྐྲུན་བྱས་པའི་སྐོར་ཡིན་པ་ངེས་ཀྱི་འདུག ད་ཆ་སང་ཏེ་ལ་ཀྲུང་གོའི་《རྩོམ་གཞུང་འབྲུག་གཟུགས་མའི་》རིག་གཞུང་ལྷན་ཚོགས་ཀྱིས་ཆེད་མངགས་གདན་ཞུ་བྱས་པའི་ཁོངས་མིར་གྱུར་པ་ནི་ལྷན་ཚོགས་དེའི་ནང་ནུབ་ཕྱོགས་རྒྱལ་ཁབ་ནས་ཡོང་བའི་ཁོངས་མི་གཅིག་པུ་དེ་ཡིན། ན་ནིང་ཟླ་བརྒྱད་པར་ཁོང་ནང་སོག་གི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་འཚོགས་པའི་ཀྲུང་གོའི་《རྩོམ་གཞུང་འབྲུག་གཟུགས་མའི་》རིག་གཞུང་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་བཅུ་བཞི་པར་ཞུགས་ཡོད།
         2008ལོར་ཀྲུང་གོས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་30འཁོར་བའི་སྐབས་དང་འཁེལ་བས་སང་ཏེ་ལ་ཉིད་ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་ཀྱི་དཔང་མིར་གྱུར།
         དེ་སྔོན་སང་ཏེ་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ན་པོ་ལེ་སི་ཤར་ཕྱོགས་སློབ་གླིང་ལ་དགེ་རྒན་བྱེད་མྱོང་། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་མཇུག་ཏུ་ཁོང་གིས་སྨི་ལན་རྒྱལ་བཙུགས་སློབ་ཆེན་གྱི་རྒྱའི་སྐད་ཡིག་སློབ་དཔྱོད་ཁང་གི་ཀྲུའུ་རེན་བྱས་པ་དང་2010ལོ་ནས་ད་བར་སློབ་ཆེན་དེ་གའི་ཁུང་ཙི་སློབ་གླིང་གི་དབྱི་ཐ་ལི་ཕྱོགས་ཀྱི་ཡོན་ཀྲང་བྱས་ཤིང་། རང་ཉིད་དབྱི་ཐ་ལིར་ལས་ཀ་བྱེད་རིང་ཁུང་ཙི་སློབ་གླིང་དུ་བྱེད་སྒོ་ཡོད་རིམ་བཞིན་ཁོང་གིས་ང་འབོད་ཀྱི་ཡོད། ཁོང་གིས་ཁུང་ཙི་སློབ་གླིང་རང་ཉིད་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་ཀྲུང་གོར་བཅངས་པའི་བརྩེ་བ་ཟབ་མོ་མཚོན་ཐབས་བྱེད་པ་ངས་ཚོར་བྱུང་།
         སང་ཏེ་ལ་རོ་མར་སྡོད་ནའང་སྨི་ལན་དང་ཕ་ཡུལ་ཅ་ཝུའེ་ལའང་སྡོད་གནས་ཡོད། ཁོང་གི་ཁྱིམ་ཁྱིམ་ཙམ་མ་ཡིན་པར་ལས་ཀ་བྱ་ཡུལ་ཞིག་ཡིན་ཞེས་བཤད་ན་མ་འགྲིག་པ་མེད་ལ་ཐ་ན“ཀྲུང་གོའི་རིག་གནས་བསྡུ་ཉར་ཁང་ཆུང་ཆུང”ཞེས་བརྗོད་ཀྱང་ཆོག་པ་སྟེ། དེར་ཀྲུང་གོའི་རྩོམ་རིག་དང་། ལོ་རྒྱུས། སྒྱུ་རྩལ་བཅས་ཐད་ཀྱི་དཔེ་དེབ་སྣ་ཚོགས་ཡོད་པ་མ་ཟད། ཀྲུང་གོའི་རོལ་དབྱངས་དང་། ཟློས་གར། གློག་བརྙན་བཅས་ཀྱི་དཔྱད་ཡིག་སྣ་ཚོགས་བསྒྲིགས་ཡོད་པའི་ནང་མང་པོ་ཞིག་ལ་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ལྡན་ཡོད། ཡ་མཚན་པ་ཞིག་ལ་ཁོང་ཁྱིམ་གྱི་སྨྱུག་བསླས་ཤུབས་ཀྱི་ཇ་དམ་དང་གུ་གུ་ཤའི་ཁྲུས་གཞོང་སོགས་ཀྲུང་གོའི་དངོས་ཟོག་ལས་ཁོང་ཀྲུང་གོར་འཚོ་བ་སྐྱེལ་བ་གང་ལེགས་མངོན་གྱི་འདུག དངོས་པོ་དེ་དག་ད་ཆ་རྒྱལ་ནང་དུའང་མཐོང་དཀོན་པས་ཁོང་གི་ཁྱིམ་དུ་དེ་དག་མཐོང་རྒྱུ་ཡོད་པ་ནི་དངོས་གནས་མི་སེམས་འགུལ་བ་ཞིག་འདུག
         དབྱི་ལ་ཐི་སྲིད་གཞུང་གིས་ཀུན་སྤྱོད་བཟང་ཞིང་མཚན་སྙན་ཆེ་བའི་མི་ཁག་གཅིག་ལ་ཚེ་གང་གྲོས་ཁང་གོང་མའི་གྲོས་མིའི་མཚན་སྙན་སྤྲད་དེ་རྒྱལ་ཁབ་དང་སྤྱི་ཚོགས་ལ་དམིགས་བསལ་གྱི་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱེད་ཀྱི་ཡོད་པ་དང་དེའི་ནང་སང་ཏེ་ལ་ཡང་ཡོད། ངའི་ངོས་ནས་བརྗོད་ན། ཁོང་ནི་བློ་འབྱེད་ཕྱི་སྐད་སློབ་མཁན་དགེ་རྒན་ཞིག་ཡིན། ལོ་བཞི་བཅུ་ལྷག་གི་ལས་ཀའི་ནང་ངའི་དགེ་རྒན་ཡག་པོ་དང་གྲོགས་པོ་བཟང་པོ་ཞིག་ཡིན་པས་དབྱི་ཐ་ལི་བའི་གོམས་གཤིས་ལྟར་བརྗོད་ཚེ་ཁོང་ནི་ངའི“ཚེ་གང་གི་དགེ་རྒན་ཆེ་མོ་བ”ཞིག་ཡིན་ཞེས་བཤད་ཆོག 
      

    ཕྱོགས་བསྡུས་གསར་འགྱུར།