འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཧའེ་ནན་གྱིས་དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་
    བྱེད་སྤྱོད་སྣ་ཚོགས་ཐག་གཅོད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་29ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་2018ལོའི་ཧའེ་ནན་ཞིང་ཆེན་གྱི་ཡུལ་སྐོར་ལས་དོན་ཚོགས་འདུ་དང་དཔྱིད་གསར་དུས་ཆེན་རིང་གི་ཡུལ་སྐོར་ཞབས་ཞུ་དོ་དམ་དང་སྐུལ་སློང་ཚོགས་འདུ་ཧའེ་ཁོའུ་རུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཧའེ་ནན་ཞིང་ཆེན་ཡུལ་སྐོར་ལས་དོན་ཨུ་ལྷན་གྱིས་དཔྱིད་གསར་དུས་ཆེན་རིང་གི་ཡུལ་སྐོར་ཁྲོམ་རར་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ནན་ཞིང་ལྕི་ལ་མགྱོགས་པའི་སྒོ་ནས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་གི་ཡུལ་སྐོར་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཧའེ་ནན་ཞིང་ཆེན་ཡུལ་སྐོར་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས་《ཧའེ་ནན་ཞིང་ཆེན་གྱི་2018ལོའི་དཔྱིད་གསར་དུས་ཆེན་རིང་གི་ཡུལ་སྐོར་ཁྲོམ་རའི་ཞིབ་བཤེར་ལས་དོན་ཇུས་གཞི་》པར་འགྲེམས་བྱ་རྒྱུ་ཡིན་པ་དང་། སྐབས་དེ་དུས་ཧའེ་ནན་ཞིང་ཆེན་གྱི་ཡུལ་སྐོར་དང་། བཟོ་ཚོང་། ཟོག་གོང་། སྤྱི་བདེ། བཟའ་བཅའ་དང་སྨན་རྫས། རྒྱ་མཚོ་སོགས་སྡེ་ཚན་6ལས་གྲུབ་པའི་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གྲོང་ཁྱེར་དང་རྫོང་དུ་བསྐྱོད་ནས་ས་གནས་དེ་གའི་ཡུལ་སྐོར་ཁྲོམ་ར་དང་ཡུལ་སྐོར་གསང་སྤྱོད་ལ་ལྟ་སྐུལ་མཛུབ་ཁྲིད་དང་། ལྟ་བཤེར་སྒྲུབ་གཉེར། མངོན་བཤེར་ལྐོག་ཞིབ་བཅས་བྱ་རྒྱུ་ཡིན་པ་མ་ཟད་ཧའེ་ནན་ཞིང་ཆེན་ཡུལ་སྐོར་ལས་དོན་ཨུ་ལྷན་གྱིས་ཀྱང་མི་སྣ་སྒྲིག་འཛུགས་བྱས་ནས་དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་ཡུལ་སྐོར་ཁྲོམ་རར་ལྐོག་ཞིབ་དང་། གྱོད་གཞི་ཐག་གཅོད། ཞུ་གཏུག་བདག་སྤྲོད་བཅས་ལས་དོན་གྱི་ཆེད་འགན་འཁུར་རྒྱུ་རེད།
        ཧའེ་ནན་ཞིང་ཆེན་ཡུལ་སྐོར་ལས་དོན་ཨུ་ལྷན་གྱིས་ཧའེ་ནན་ཞིང་ཆེན་ཡུལ་སྐོར་ཁྲོམ་རར་དམ་བསྒྲགས་བཅོས་སྒྲིག་གི་རྣམ་པ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་མ་ཟད། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུའི་ཆོད་སེམས་བཅངས་ནས་ཡུལ་སྐོར་བར་མགོ་སྐོར་གཏོང་བ་སོགས་ཧའེ་ནན་གྱི་ཡུལ་སྐོར་གྱི་མིང་བརྫད་པའི་བྱེད་སྤྱོད་ལ་ནན་ཞིང་ལྕི་ལ་མགྱོགས་པའི་སྒོ་ནས་ཐག་གཅོད་བྱས་ཏེ་གཉེར་སྐྱོང་བ་ཚང་མར་དེ་ནི་འགལ་མི་རུང་བའི་དམར་ཐིག་ཞིག་ཡིན་པ་ཤེས་སུ་འཇུག་པ་དང“ཐར་པ་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་ནས་གནས་ཚུལ་ཤེས་རྟོགས་ཐུབ་རིམ་བཞིན་ཐག་གཅོད་དང་དམར་རྗེན་དུ་བཏོན་ནས་ངན་པ་ལང་ཤོར་དུ་གཏན་ནས་གཏོང་གི་མིན་ཞེས་བཤད་པ་རེད།
         གོམ་སྟབས་རྗེས་མར་ཧའེ་ནན་གྱིས“ཚུལ་མིན་ཡུལ་སྐོར་ཁང”དང་། “ཚུལ་མིན་སྣེ་ཤན་པ” “ཚུལ་མིན་འགྲུལ་སྐྱེལ་རླངས་འཁོར” “ཚུལ་མིན་འགྲུལ་སྐྱེལ་གྲུ་གཟིངས”བཅས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་བཏང་ནས་ཡུལ་སྐོར་ཉོ་ཚོང་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་ཡིན་ལ་ཡུལ་སྐོར་གྱི་འཁྲབ་སྟོན་ཁྲོམ་རར་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱང་སྤེལ་རྒྱུ་རེད།
         གཞན་ཡང་ཧའེ་ནན་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་སྤྲོ་གསེང་གཟའ་འཁོར་གྱི་ཞིབ་བཤེར་དང་། ལྟ་སྐུལ་སྒྲུབ་གཉེར། ཞུ་གཏུག་བདག་སྤྲོད་བཅས་ཀྱི་རྩིས་ཐོ་བཟོ་བ་དང་སྤྲོ་གསེང་གཟའ་འཁོར་རིང་བཏོན་པའི་དག་ཐེར་བྱེད་དགོས་པའི་བརྡ་ཐོ་དང་། ལྟ་སྐུལ་སྒྲུབ་གཉེར་གྱི་བརྡ་ཐོ། ཞུ་གཏུག་ཐག་གཅོད་ཀྱི་གནས་ཚུལ། ཡུལ་སྐོར་བ་བློ་ཡིད་ཚིམ་ཚད་བཅས་ཕྱོགས་བསྡུས་བྱ་རྒྱུ་ཡིན་པ་རེད། ཟླ་2ཚེས་1ནས་ཟླ་5ཚེས་1ཉིན་བར་ལྟ་སྐུལ་དོ་དམ་གྱི་རྩིས་ཐོའི་ལམ་ལུགས་ཞིང་ཆེན་ཡོངས་ཀྱི་གྲངས་གཞི་ཆེ་མོའི་ལས་སྟེགས་དོ་དམ་ནང་ཁྱོན་ཡོངས་ནས་འཇུག་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།