འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་འགོའི་གླིང་གི་སྣོད་བཅུད་རིམ་པས་སླར་གསོ་
    འབྱུང་བཞིན་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་07ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་འགོའི་གླིང་དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཀྲོའུ་རྨ་སྟོད་རྫོང་ཁོངས་སུ་གནས་པ་དང་། གླིང་དེར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཚོ་སྐྱ་རེངས་དང་སྔོ་རེངས་དང་། ཝ་གཞོང་སྐར་མཚོའི་སྲུང་སྐྱོང་ཁུལ་གཉིས་ཡོད་པར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.91ཟིན་གྱི་ཡོད། 2003ལོར་གཙང་གསུམ་ཆུ་འགོའི་རྒྱལ་སྤྱིའི་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ནས་ད་ལྟའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ལག་བསྟར་ཚོད་ལྟའི་ལས་དོན་ལ་སྐུལ་མ་ཏན་ཏིག་གཏོང་བཞིན་པའི་བར་གྱི་ལོ་བཅུ་གྲངས་སོང་བའི་རིང་། སྣོད་བཅུད་བཅོས་སྒྲིག་དང་བསྐྱར་གསོའི་ལས་དོན་ལ་འབད་པ་ལྷོད་མེད་བྱས་པ་བརྒྱུད་རྨ་འགོའི་གླིང་གི་སྣོད་བཅུད་ཁོར་ཡུག་སླར་གསོ་ཤུགས་ཆེན་ཡོང་བཞིན་ཡོད། དེ་སྔོན་དེར་འཚོ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིམ་བཞིན་རང་ཉིད་ཀྱི་འཚོ་གནས་བྱ་ཡུལ་དུ་ལོག་པས་སྣོད་བཅུད་མ་ལག་ཁྲོད་སྐྱེ་དངོས་འཁོར་འབྲེལ་སྐྱོན་དང་བྲལ་ཞིང་བརྟན་པ་ཞིག་རིམ་པས་ཆགས་བཞིན་ཡོད་པ་རེད།
          མཚོ་སྐྱ་རེངས་ཤང་གི་མཚལ་རྩེ་གྲོང་ཚོ་མཚོ་སྐྱ་རེངས་འགྲམ་དུ་གནས་པ་དང་། གྲོང་ཚོ་ཡོངས་ཀྱི་མི་312ཁྲོད་92གླིང་དེའི་སྣོད་བཅུད་ལྟ་སྲུང་བར་གྱུར་ནས་ཁོང་ཚོས་རྨ་འགོའི་སྲུང་སྐྱོང་བྱ་ཡུལ་གཙོ་བོ་དེར་ལྟ་སྲུང་བྱེད་པའི་ལས་འགན་དང་འགན་འཁྲི་ལྕི་པོ་འཁུར་བཞིན་ཡོད།
         སྣོད་བཅུད་ལྟ་སྲུང་བ་བསོད་བསོད་ཀྱིས་མཚོ་སྐྱ་རེངས་འགྲམ་དུ་ལྟ་སྲུང་ལོ་བཅུ་གྲངས་བྱས་པ་དང་། ཆུང་དུས་ནས་ས་ཆ་དེར་དགའ་ཞེན་ལྷག་པར་ཆེ། 2014ལོར་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་འདུ་འགོད་ལག་ལེན་བསྟར་ཚུན་དེ་སྔོན་རྩྭ་ཐང་ཐོག་སྟོངས་ལ་ཉེ་བར་གྱུར་པའི་སྲོག་ཆགས་མང་པོ་ཞིག་རིམ་བཞིན་འཁོར་བ་དང་གྲངས་འབོར་ཡང་མང་དུ་སོང་བ་ཁོང་གིས་མིག་མཐོང་ལག་ཟིན་བྱུང་ཡོད། ད་ཆ་སྔོ་ལྗང་འཕེལ་རྒྱས་གཏོང་བའི་འདུ་ཤེས་ཆགས་པར་བྱེད་པ་དང་ཆབས་ཅིག་རྒན་རྒོན་ཚོའི་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཟབ་ཏུ་སོང་ནས་ཁྱིམ་ཚང་ཚང་མས་ཁྱི་གསོ་བ་དང་སྒོ་རའི་གྱང་མཐོན་པོ་བསྐོར་ནས་སྲུང་ཐབས་བྱེད་པ་ལས་ཕར་སྲོག་ཆགས་དེ་ཚོ་གསོད་པར་འགྲོ་མཁན་མེད་པ་རེད།
         བསོད་བསོད་ཀྱིས“སྔོན་མ་མིས་སྲོག་ཆགས་ཕྱིར་ཕུད་པས་ཨ་བྲ་མང་པོ་ཐོན་ནས་གནོད་པ་ཆེན་པོ་བཟོ་ཡི་ཡོད། ད་ཆ་བྱ་གླག་དང་སྲེ་མོང་ཡང་སླེབས་པས་རྩྭ་རར་གཏོར་སྐྱོན་གཏོང་མཁན་ཨ་བྲ་ཉུང་དུ་སོང་ཡོད”ཅེས་བཤད། བསོད་བསོད་ཀྱིས་འབད་པ་ལྷོད་མེད་བྱས་ཚེ། མི་དང་སྲོག་ཆགས་དབར་འཆམ་མཐུན་མཉམ་གནས་ཡོང་བའི་བསམ་འདུན་བཟང་པོ་ཏན་ཏན་འགྲུབ་ངེས་ཡིན་པ་ཡིད་ཆེས་བྱེད་བཞིན་ཡོད།
          ད་ཆ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་འགོའི་གླིང་ཁོངས་ཀྱི་སྲིད་འཛིན་གྲོང་ཚོ་19ལ་སྤྱི་ཕན་གྱི་སྣོད་བཅུད་ལྟ་སྲུང་བ་1670 ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་845ཡོད། རི་དང་། ཆུ། ནགས་ཚལ། རྩྭ་ཐང་། མཚོ་མཚེའུ་བཅས་གཞི་གཅིག་ཏུ་སྦྲེལ་ཏེ་ལྟ་སྲུང་བྱེད་དགོས་པའི་བླང་བྱར་གཞིགས་ནས“སྣོད་བཅུད་ལྟ་སྲུང་+གཞི་རིམ་ཏང་འཛུགས་སྐྱོང་+གནད་སྨིན་དབུལ་སྐྱོར་+བརྟན་ལྷིང་སྲུང་སྐྱོང་+མི་རིགས་མཐུན་སྒྲིལ་+ བསམ་པའི་དཔལ་ཡོན”བཅས་ཕྱོགས་དྲུག་གཞི་གཅིག་ཅན་གྱི་སྣོད་བཅུད་ལྟ་སྲུང་བྱེད་སྟངས་ཤིག་བཟོས་ནས“གནས་ཀུན་དང་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པའི”དོ་དམ་གྱི་མ་ལག་ཅིག་ཆགས་པ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།