འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་དངུལ་རྩའི་ཉེན་ཁའི་དོ་དམ་ཚོད་འཛིན་ལ་མཐོང་ཆེན་བྱས་པས་འཛམ་གླིང་གི་
    བསྔགས་བརྗོད་ཐོབ་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཙའུ་ཏོ་ཝེ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་06ཉིན། 16:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཉེ་ཆར། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སླད་ཕྱིན་གྱི་ལོ་གསུམ་རིང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་གཙོ་གནད་དམ་འཛིན་ཡག་པོ་བྱེད་དགོས་པ་གསལ་པོ་བཏོན་ཡོད། དེའི་ནང་ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་རྒྱུ་ཨང་དང་པོར་བཞག་པ་དང་། དེའི་གཙོ་གནད་ནི་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་རེད།
         2008ལོར་ཐོན་པའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱིས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཀྲུང་གོ་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་པོ་ཨང་གཉིས་པ་ཡིན་པའི་དབང་གིས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད། དེང་སྐབས་རང་རྒྱལ་གྱི་དངུལ་རྩའི་དུས་བབ་སྤྱི་ཡོངས་ལེགས་ཙམ་ཡོད་རུང་། དངུལ་རྩ་སོགས་ཁྱབ་ཁོངས་སུ་གནས་པའི་ཉེན་ཁར་སྣང་ཆུང་གཏན་ནས་བྱ་རྒྱུ་མེད། མངོན་གསལ་དོད་པའི་གནད་དོན་གྱི་གྲས་སུ། སྤྱི་ཁོག་གི་འདེགས་ཤིང་འདེགས་ཚད་ཅུང་མཐོ་བ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་སྒྲིག་གཞི་འཐུས་ཚང་མེད་པ། ཁྲིམས་འགལ་མ་རྩ་བསྡུ་རུབ་སོགས་ཚུད་ཡོད།
         གནད་དོན་དེ་དག་ལ་དམིགས་ནས་ཀྲུང་གོས་བཏོན་པའི་ཉེན་ཁ་ཚོད་འཛིན་གྱི་བྱེད་ཐབས་སྣ་མང་ལ་འཛམ་གླིང་སྐྱེ་བོ་ཀུན་གྱི་དོ་ཁུར་བྱུང་ཡོད།
          རྒྱལ་སྤྱིའི་རིམ་པ་དཔྱད་བསྡུར་སྒྲིག་གཞིའི་ཚད་གཞི་ཕུའར་ཁེ་ལས་ཀྱི་རིམ་པ་དཔྱད་བསྡུར་ལས་སྒོའི་འགན་འཁུར་བ་ཁེ་ལེ་སི་ཐུ་ཧྥོ·ལི་ཡིས་ཀྲུང་གོས་བྱེད་ཐབས་མི་འདྲ་བར་བརྟེན་ནས་ཉེན་ཁའི་དོ་དམ་ཚོད་འཛིན་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུར་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། སྤྱི་ཡོངས་ནས་བརྗོད་ན། ཀྲུང་གོའི་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་འཕེལ་རིམ་གལ་ཆེན་བྱུང་ཡོད་ཅེས་བཤད།
         ཕྱི་རྒྱལ་གྱི་མི་སྣར་ཀྲུང་གོས་དངུལ་རྩའི་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་པའི་སྲིད་ཇུས་འགྱུར་བ་མེད་པ་ཞིག་མིན་པར། དུས་བབ་འགྱུར་བ་དང་སྦྲགས་རྒྱུན་ཆད་མེད་པར་སྟབས་བསྟུན་ལེགས་སྒྲིག་བྱེད་ཀྱི་ཡོད་པ་དོ་སྣང་བྱུང་ཡོད། ད་ཕན་ལོ་ཤས་རིང་། ཀྲུང་གོས་རང་ངོས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པར་གཞིགས་ཏེ་དུས་དང་བསྟུན་ནས་འགྱུར་བ་དང“གསུམ་འདོར་གཅིག་གཅོག་གཅིག་གསབ”ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། དེ་དང་ཆབས་ཅིག་ཀྲུང་གོས་དཔལ་འབྱོར“དངོས་ཚན་དཔལ་འབྱོར་ནས་བྲལ་ཏེ་རྟོག་བཟོའི་དཔལ་འབྱོར་དུ་བསྒྱུར་བ”འགོག་པ་དང་དངུལ་རྩའི་ལས་རིགས་ཀྱིས་དངོས་ཚན་དཔལ་འབྱོར་ལ་གཙོ་གནད་ཞབས་འདེགས་ཞུ་རྒྱུར་ཁྲིད་སྟོན་བྱས་ནས་ཉེན་ཁ་འགོག་པའི་འགག་སྒོ་རྩ་བའི་ཐོག་ནས་བརྟན་པོ་སྲུང་དགོས་པའི་ནན་བཤད་བྱས་ཡོད།
          རང་ངོས་ལ་གཞི་ཚུགས་ནས་ཉེན་ཁ་གོ་སྐབས་སུ་བསྒྱུར་པར་བྱས་ཏེ་ཀྲུང་གོས་དངུལ་རྩའི་ཉེན་ཁ་དོ་དམ་ཚོད་འཛིན་བྱེད་སྐབས་རྩོད་སྒྲུབ་ཀྱི་ཐབས་ལམ་ནན་བཤད་བྱེད་ཀྱི་ཡོད། མིག་སྔར་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་ཁག་གཅིག་ལ་དངུལ་རྩའི་ཐད“ལྟ་སྐུལ་དོ་དམ་ཅན་འདོར་བའི”སྣང་ཚུལ་ཐོན་པའི་སྐབས་སུ། ཀྲུང་གོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་ནས་བརྡར་ཤ་གཅོད་པ་དང་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དངུལ་རྩ་བརྟན་ལྷིང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་བཙུགས་ནས་ཁོངས་གཏོགས་ས་ཁུལ་གྱི་ཉེན་ཁ་ཐག་གཅོད་བྱེད་པའི་འགན་འཁྲིར་ཤུགས་སྣོན་བརྒྱབ་པ་དང་དངུལ་ལོར་སྲིད་ཇུས་དང་སྤྱི་ཁོག་ལག་ལེན་གཟབ་ནན་སྲིད་ཇུས་ཀྱི་འདེགས་སྐྱོར་གཉིས་ཀྱི་སྙོམས་སྒྲིག་སྒྲོམ་གཞི་བཟོས་པ་ལ་སོགས་ཀྱིས་རང་རྒྱལ་གྱི་དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་རྩེ་རིམ་ཇུས་འགོད་རིམ་གྱིས་ཁ་གསལ་དུ་ཕྱིན་ནས་ཉེན་ཁའི་མཐའ་ཚད་སྲུང་བར་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད།
         དངུལ་རྩའི་ཉེན་ཁ་སྔོན་འགོག་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་དཔལ་འབྱོར་ལ་བདེ་འཇགས་སྲུང་ཡོལ་ཡག་པོ་བསྐྲུན་པ། ལོ་འགའ་ཤས་རིང་། ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། 2013ལོ་ནས་2016ལོའི་བར་གྱི་ལོ་4ཡི་རིང་ཀྲུང་གོའི་དཔལ་འབྱོར་ལོར་ཆ་སྙོམས་7.2%འཕར་ནས་དུས་མཚུངས་ཀྱི་འཛམ་གླིང་དཔལ་འབྱོར་གྱི་འཕར་ཚད་ཆུ་ཚད་ལས་མཐོ་བ་ཡོད།
         “ཀྲུང་གོའི་ཉེན་ཁའི་དོ་དམ་ཚོད་འཛིན་ལས་སྔ་བལྟས་ཕྱི་བསམ་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་གྱི་རང་བཞིན་བཅས་གལ་ཆེན་མངོན་ཡོད” ཨོ་སི་ཁྲུ་ལི་ཡ་དངུལ་རྩ་གསར་གཏོད་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀུའོ་ཧྲེང་ཞང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཀྲུང་གོས་དངུལ་རྩའི་ཉེན་ཁ་སེལ་བའི་འདུ་ཤེས་དང་བྱེད་ཐབས་ཀྱིས་བཀག་སྡོམ་གྱི་བསམ་གཞིག་ལས་བསྒྲལ་ཏེ་དཔལ་འབྱོར་དངོས་ཚན་གཞན་ལ་བློ་སྒོ་འབྱེད་རྒྱུ་དང་འཛམ་གླིང་དངུལ་རྩ་བརྟན་པོ་ཡོང་བར་དོན་སྙིང་དེ་བས་ཆེ་པོ་ལྡན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།