འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ནུས་རྒྱུ་གཙང་མ་སྤྱད། ས་མཐོ་དེ་བས་མཛེས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་07ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “བསད་སྤར་མནན་ནས་སྐར་མ་ཁ་ཤས་སོང་རྗེས་ཚ་པོ་ཆགས་པར་བརྟེན། སྔོན་མ་ནང་བཞིན་དུ་བ་འཚུབ་འཚུབ་ངང་མེ་བུས་ནས་ས་ཁྲི་ཚ་པོ་བཟོ་དགོས་མི་འདུག”ཅེས་མཚོ་སྔོན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དར་སྨད་འོག་མའི་གནས་སྤོས་གྲོང་ཚོའི་གྲོང་མི་ཀྲའོ་ཙེང་ཧྲོའུ་ཡིས་བཤད་ཞོར་གསར་འགོད་པར་རང་ཁྱིམ་གྱི་གློག་གི་ས་ཁྲི་བསྟན་པ་དང་། “དགུན་ཁར་ཉིན་ལྟར་བཏང་ནའང་ཉིན་གང་པོར་གློག་ཏུའུ་གཅིག་ཙམ་ཡང་འགྲོ་ཡི་མེད”ཅེས་བཤད།
          རྒྱལ་ཁབ་གློག་དྲ་མཚོ་སྔོན་མཚོ་ལྷོ་གློག་འདོན་ཀུང་སིའི་ཚ་རྔ་འགག་གློག་འདོན་སུའོ་ཡི་སུའོ་ཀྲང་ཐང་ཀྲུང་ཧུང་གིས་ངོ་སྤྲོད་བྱས་པ་ལྟར་ན། གྲོང་ཚོ་དེ་ནི་གསར་དུ་སྤོས་པའི་གྲོང་ཚོ་ཞིག་ཡིན་ལ་ཚོད་ལྟ་བྱ་ཡུལ་ཡིན། 2015ལོ་ནས་བཟུང་ཁོ་ཚོས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་38ལ་སྟབས་བདེ་ལ་བདེ་འཇགས་ཡིན་པའི་གློག་གི་ས་ཁྲི་རིན་མི་དགོས་པར་བསྒར་བས། ལོ་གཉིས་རིང་བེད་སྤྱོད་བཏང་བ་བརྒྱུད། གྲོང་མི་རྣམས་ཀྱིས་ཧ་ཅང་བློ་ཡིད་ཚིམས་པོ་བྱེད་ཀྱི་ཡོད་པ་རེད།
         རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་མཁོ་འདོན་བྱས་པའི་གྲངས་གཞི་ལྟར་ན། 2013ལོར་གློག་ནུས་ཚབ་བརྗེའི་རྣམ་གྲངས་ཁྱབ་གདལ་གཏོང་འགོ་ཚུགས་ཤིང་། 2016ལོའི་ལོ་མཇུག་བར་མཚོ་སྔོན་དུ་རིམ་རྩིས་བྱས་ན་གློག་ནུས་ཚབ་བརྗེའི་རྣམ་གྲངས་243ལེགས་གྲུབ་བྱུང་སྟེ་ཚབ་བརྗེའི་གློག་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་33.99མངོན་འགྱུར་བྱུང་བས། རིམ་རྩིས་བྱས་ན་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་360ཉུང་དུ་སོང་ཡོད་པ་རེད།
         དར་སྨད་འོག་མའི་གྲོང་ཚོ་དང་བར་ཐག་སྤྱི་ལེ་10ལྷག་ཆོད་པའི་ཐ་ར་ལུང་དུ་མཚོ་སྔོན་གྱི་མིག་སྔར་གཞི་ཁྱོན་ཆེ་ཤོས་ཀྱི་འོད་ཤུགས་ཐོན་ལས་གླིང་གི་གྲས་ཡིན་པའི་གསེར་ཆེན་འོད་ཤུགས་ཐོན་ལས་གླིང་གནས་པ་དང་། བཟོ་གྲྭའི་ཐོག་སོ་གསུམ་ལྡན་གྱི་ལྗོངས་གཟིགས་སྟེགས་བུ་ནས་རྒྱང་ལ་བལྟས་ན། མཐའ་ཡས་པའི་མཐིང་མདོག་འོད་ཤུགས་ལེབ་མོ་དང་མཉམ་དུ་སྐྱེ་སྟོབས་འབར་བའི་རྩི་ཤིང་མཐོང་གི་ཡོད།
         རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སི་(རྨ་ཆུ་ཀུང་སི)མཚོ་ལྷོ་ནུས་རྒྱུ་གསར་པའི་གློག་འདོན་པུའི་སྤྱི་ཁྱབ་ཅིང་ལི་ལིའུ་ཆི་ཏུང་གིས། དྲ་སྦྲེལ་འོད་ཤུགས་གློག་ཁང་ཆེ་གྲས་ཕལ་ཆེ་བ་རླུང་འཚུབ་ཆེ་བའི་མྱ་ངམ་ཐང་དུ་བསྐྲུན་ཡོད་པ་དང་། ཁོར་ཡུག་ལེགས་སུ་གཏོང་ཆེད། ང་ཚོས་འོད་ཤུགས་སྣོད་བཅུད་ཐོན་ལས་ཀྱི་འདེབས་འཛུགས་དང་འོད་ཤུགས་སྒྲོམ་སྐྱོར་རྣམ་པའི་ཞིབ་འཇུག་ཚོད་ལྟ་སོགས་བྱས་པས་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་དེ་གློག་ཁང་འཛུགས་སྐྲུན་ནང་མཉམ་འདྲེས་བྱུང་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
         མཚོ་སྔོན་ནི་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས་ཆུ་གློག་དང་ཉི་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་འཆར་འགོད་དང་འབྲེལ་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ལྗང་མདོག་ནུས་རྒྱུའི་ཐོན་ལས་གོང་འཕེལ་མྱུར་པོ་ཡོང་བར་སྐུལ་མ་བཏང་བ་རེད།
         གྲངས་གཞི་ལས་མངོན་པ་ལྟར་ན། “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་། མཚོ་སྔོན་གྱི་འོད་ཤུགས་ནི་ཆ་སྙོམས་ལོ་ལྟར་ཆན་ཝ་ཁྲི་100ཡི་མྱུར་ཚད་ལ་བརྟེན་ནས་འཕར་ཏེ་ལོར་ཆ་སྙོམས་འཕར་ཚད་58%ཟིན་ཡོད། ཆུ་གློག་དང་འོད་ཤུགས་ནི་མཚོ་སྔོན་གློག་དྲའི་གློག་ཁུངས་ཆེན་པོ་དང་པོ་དང་གཉིས་པར་གྱུར་ཡོད།
         མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧན་ཐིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཟླ་5པའི་ཟླ་མཇུག་བར་མཚོ་སྔོན་གློག་དྲའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་2345ཟིན་པའི་ནང་ཆུ་གློག་དང་། འོད་ཤུགས། རླུང་གློག་སོགས་བསྐྱར་དུ་སྐྱེ་ཐུབ་པའི་ནུས་རྒྱུ་དེས་ཞིང་ཆེན་དེ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱི་82.8%བཟུང་བ་རེད།
         ཟླ་6ཚེས་17ཉིན་ནས་ཚེས་23ཉིན་བར་མཚོ་སྔོན་ཞིང་ཆེན་དུ་ཉིན་7བསྟུད་མར་ནུས་རྒྱུ་གཙང་མར་བརྟེན་ནས་གློག་བཏང་ཐུབ་ཡོད་པས། རྒྱལ་ཡོངས་སུ་ཞིང་ཆེན་གཅིག་ཁོངས་སུ་གློག་གཏོང་སྐབས་སྦགས་བཙོག་གང་ཡང་བཟོས་མེད་པ་ཐོག་མར་མངོན་འགྱུར་བྱུང་ཡོད། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་དང་། མཚོ་བོད་ས་མཐོའི་འོད་ཤུགས་གློག རླུང་གློག་བཅས་ལྗང་མདོག་ནུས་རྒྱུ་དེ་དག་ཞིང་ཆེན་དེ་གའི་བཟོ་གཏེར་ཁེ་ལས་དང་དུད་ཁྱིམ་མང་པོར་ཁྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།