འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཤེས་ལྡན་པའི་ཐོངས་མཆན་ལམ་ལུགས་ལག་ལེན་བསྟར་ནས་ཕྱི་རྒྱལ་གྱི་ཤེས་ལྡན་
    པར་ཐོགས་མེད་བགྲོད་ལམ་མཁོ་འདོན་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་07ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་རྒྱལ་ཁབ་ཕྱི་རྒྱལ་རིགས་གཅིག་མཁས་ཅན་ཅུས་ནས་ཤེས་རྟོགས་བྱུང་བར། དེ་བས་དགེ་མཚན་ལྡན་པ་དང་། དེ་བས་སྒོ་འབྱེད། དེ་བས་ནུས་ལྡན་བཅས་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤེས་ལྡན་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་ཤེས་ལྡན་པའི་ཐོངས་མཆན་སྤྲོད་པའི་ཁྱབ་ཁོངས་དང་དུས་ཚད་སྔར་བས་རྒྱ་ཆེ་དང་ཡངས་སུ་གཏོང་ཆེད། རྒྱལ་ཁབ་ཕྱི་རྒྱལ་རིགས་གཅིག་མཁས་ཅན་ཅུས་དང་། ཕྱི་འབྲེལ་པུའུ། སྤྱི་བདེ་པུའུ་བཅས་ཀྱིས་ཉེ་ཆར་མཉམ་འབྲེལ་ཐོག་《ཕྱི་རྒྱལ་གྱི་ཤེས་ལྡན་པའི་ཐོངས་མཆན་ལམ་ལུགས་ལག་བསྟར་བྱ་ཐབས་》བཀྲམ་པ་རེད།
          རྒྱལ་ཁབ་ཕྱི་རྒྱལ་རིགས་གཅིག་མཁས་ཅན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ལག་བསྟར་བྱ་ཐབས་ནང་གཏན་ལ་འཁེལ་བའི་སྲིད་ཇུས་གཙོ་བོའི་གྲས་་སུ་གཤམ་གསལ་གྱི་ནང་དོན་ཚུད་ཡོད་པ་སྟེ། ཤེས་ལྡན་པའི་ཐོངས་མཆན་སྤྲོད་པའི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་ནས་《ཕྱི་རྒྱལ་བ་ཀྲུང་གོར་ལས་ཀར་ཡོང་སྐབས་ཀྱི་རིགས་དབྱེའི་ཚད་གཞིའི་(ཚོད་ལྟར་སྤྱོད་རྒྱུ)》ནང་འཁོད་པའི་ཕྱི་རྒྱལ་གྱི་ཤེས་ལྡན་པ་རྩེར་སོན་གྱི་ཚད་གཞི་དང་ཆ་རྐྱེན་ཚང་བ་དང་། “སྤུས་ལེགས་དང་། ཕུལ་བྱུང་། རྩེར་སོན། ཁ་ཐང་བ”བཅས་དང་ཁྲོམ་རའི་དགོས་མཁོའི་སྟོན་ཕྱོགས་དང་འཚམ་པའི་ཚན་རིག་མཁས་ཅན་དང་། ཚན་རྩལ་གྱི་སྣེ་ཁྲིད་ཤེས་ལྡན་པ། རྒྱལ་སྤྱིའི་ཁེ་ལས་པ། ཆེད་དམིགས་ཤེས་ལྡན་པ། རྩལ་ནུས་ལེགས་པའི་ཤེས་ལྡན་པ་སོགས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཁོ་བའི་ཕྱི་རྒྱལ་གྱི་རིམ་མཐོའི་ཤེས་ལྡན་པ་དང་མཁོ་ཆེ་ལ་ཁ་ཐང་བའི་ཤེས་ལྡན་པ་རྣམས་ཀྱིས་ཤེས་ལྡན་པའི་ཐོངས་མཆན་འདུན་ཞུ་བྱ་ཆོག་པ་དང་། ཕྱི་རྒྱལ་གྱི་ཤེས་ལྡན་པ་རྩེར་སོན་གྱི་ཚད་གཞི་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཤེས་ལྡན་པའི་ཐོན་ཁུངས་མཁོ་སྤྲོད་ཀྱི་གནས་ཚུལ་ལ་གཞིགས་ནས་བབ་བསྟུན་ལེགས་སྒྲིག་བྱ་རྒྱུ། ཤེས་ལྡན་པའི་ཐོངས་མཆན་གྱི་གོ་ཆོད་ཡུན་ཚད་དང་གནས་སྡོད་ཡུན་ཚད་སྔར་བས་ཡངས་སུ་གཏོང་རྒྱུ་ཡིན་ཞིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཕྱི་རྒྱལ་རིགས་གཅིག་མཁས་ཅན་ཅུས་ཀྱིས་ཆ་རྐྱེན་དང་འཚམ་པ་གཏན་འཁེལ་བྱས་པའི་ཕྱི་རྒྱལ་གྱི་ཤེས་ལྡན་པར་ལོ་5དང་ཡང་ན་ལོ་10ཡི་རིང་གོ་ཆོད་པ་དང་། མངའ་ཁོངས་སུ་ཐེངས་མང་འཛུལ་ཆོག་པ། ཡོང་ཐེངས་རེར་ཉིན་180སྡོད་ཆོག་པ་བཅས་ཀྱི་ཤེས་ལྡན་པའི་ཐོངས་མཆན་རག་གི་ཡོད་པ་དང་། དེའི་བཟའ་ཟླ་དང་ན་སོ་དར་ལ་མ་འབབ་པའི་བུ་ཕྲུག་ལའང་གོ་ཆོད་དུས་ཡུན་འདྲ་མཚུངས་ཀྱི་མངའ་ཁོངས་སུ་ཐེངས་མང་འཛུལ་ཆོག་པའི་ཐོངས་མཆན་དེ་རིགས་རག་གི་ཡོད། ཤེས་ལྡན་པའི་ཐོངས་མཆན་སྒྲུབ་གཉེར་གྱི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་ཆེད། རྟག་ཏུ་ལས་ཀ་བྱེད་མཁན་ཡོད་པ་དང་ཞིབ་བཤེར་ཚར་ན་འཕྲལ་དུ་སྒྲུབ་པའི་བྱ་ཐབས་སྤྱད་དེ་ཞིབ་བཤེར་མཆན་འགོད་དང་ཞིབ་མཆན་བཀོད་ནས་ཐོངས་མཆན་སྤྲོད་པའི་དུས་ཚད་ཐུང་དུ་ཤུགས་ཆེན་བཏང་བ་དང་། ཕྱི་རྒྱལ་གྱི་ཤེས་ལྡན་པའི་འོས་ཐོབ་གཏན་འཁེལ་གྱི་དུས་ཚད་ལས་ཀའི་ཉིན་5བར་ཐུང་དུ་བཏང་བས། ཤེས་ལྡན་པ་རྩེར་སོན་དང་དེའི་བཟའ་ཟླ་བུ་ཕྲུག་གི་ཐོངས་མཆན་མགྱོགས་ཤོས་ལ་འདུན་ཞུ་བྱས་རྗེས་ཀྱི་ཉིན་གཉིས་པ་དེར་རག་གི་ཡོད། འདུན་ཞུའི་རིན་པ་རྩ་ཆག་གཏོང་བ་ཕུད་ཕྱི་རྒྱལ་གྱི་ཤེས་ལྡན་པ་དང་དེའི་ནང་མིས་ཀྱང་ཐོངས་མཆན་རིན་པ་དང་ཛ་དྲག་ཡིག་ཆའི་རིན་པ་སོགས་གང་ཡང་སྤྲོད་དགོས་ཀྱི་མེད།
          ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་ཕྱི་རྒྱལ་རིགས་གཅིག་མཁས་ཅན་ཅུས་ཀྱིས་2018ལོའི་ཟླ་1ཚེས་2ཉིན་རྒྱལ་ཡོངས་ཀྱི་《ཕྱི་རྒྱལ་གྱི་རྩེར་སོན་ཤེས་ལྡན་པ་གཏན་འཁེལ་ཡི་གེ་》ཐོག་མ་དེ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།