འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་མཉམ་འདྲེས་ཐུབ་པ། 

    ཙོའུ་སུང་གིས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་07ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཞི་བདེ་ཤང་ནི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་ཐའེ་ཀེར་གྱི་ཕ་ཡུལ་ཡིན། འཇམ་ཐིང་ངེ་དང་བག་ཕེབས་ཀྱི་མིང་དུ་གྲགས་པའི་རྒྱ་གར་གྱི་གྲོང་རྡལ་ཆུང་ཆུང་དེ། ཟླ་གོང་མའི་གཟའ་མཇུག་ཅིག་ལ་འཁྲུག་ཆ་དོད་པོར་གྱུར། ཀྲུང་གོའི་པེ་ཅིང་དང་ཡུན་ནན་དང་། རྒྱ་གར་གྱི་ཀ་ལི་ཀ་ཏ་དང་རྡི་ལི་གསར་པ་བཅས་ནས་ཕེབས་པའི་རྒྱལ་ཁབ་གཉིས་ཀྱི་སྐུ་མགྲོན་དང་། མཁས་དབང་། སློབ་མ་བཅས་དེ་གར་འཛོམས་ནས་རྒྱ་གར་དུ་ཀྲུང་གོའི་རིག་པ་ཞིབ་འཇུག་བྱེད་འགོ་འཛུགས་ས་ཡིན་པའི་རྒྱ་གར་རྒྱལ་སྤྱི་སློབ་ཆེན་ཀྲུང་གོ་སློབ་གླིང་བཙུགས་ནས་ལོ་80འཁོར་བར་རྟེན་འབྲེལ་ཞུས་པ་རེད། དེ་དང་ཆབས་ཅིག་ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་སྤེལ་རེས་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཡང་འཚོགས་པ་རེད།
          ལོ་40ཡི་གོང་དུ་དེ་གར་སློབ་སྦྱོང་དང་ལོ་30ཡི་གོང་དུ་དེ་གར་དགེ་རྒན་བྱེད་མྱོང་ཞིང་། ད་ལྟ་ལོ་60ལ་སླེབས་པའི་རྒྱ་གར་གྱི་རྒྱ་རིག་པ་མཁས་ཅན་མོ་ཕུའུ་ཏེ་ཀྲུང་གོའི་སློབ་གླིང་གི་ཐོག་བརྩེགས་གཉིས་པར་འཛེགས་པ་དང་། དེ་ག་ནི་ཁོང་གིས་ཀྲུང་གོའི་རིག་པར་ཞིབ་འཇུག་བྱེད་འགོ་འཛུགས་ས་ཡིན་ལ། རྒྱ་གར་ཡོངས་ཀྱི་ཀྲུང་གོའི་རིག་པར་ཞིབ་འཇུག་བྱེད་འགོ་འཛུགས་ས་ཡང་ཡིན་པ་རེད། མོ་ཕུའུ་ཏེས་སྒེའུ་ཁུང་ཕྱི་རོལ་གྱི་ཁང་པ་དེ་སྟོན་བཞིན་སྨྱུག་འཛིན་པར“འདི་ནི‘ཀྲུང་ཀྲེང་ཐང’སྟེ། རྒྱ་གར་གྱི་རྒྱལ་སྤྱི་སློབ་ཆེན་ཀྲུང་གོ་སློབ་གླིང་གི་ཡོན་ཀྲང་དང་པོ་ཐན་ཡུན་ཧྲན་གྱིས་འདིར་བརྟེན་ནས་རང་ཉིད་ཀྱི་བུ་རྒན་པའི་མིང་ལ‘ཐན་ཀྲུང’ཞེས་བཏགས་པ་རེད”ཅེས་གསུངས་ཤིང་། ཐེངས་འདིར་ལོ་ན་དགུ་བཅུར་སླེབས་པའི་ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་ཕོ་ཉ་ཐན་ཀྲུང་གིས་ཀྱང་ཨ་རིའི་ཏེ་ཐེ་ལུའི་ནས་ཁྱིམ་མི་ཚང་མ་འཁྲིད་དེ་ཕེབས་ཡོད་པ་རེད།
         ཐན་ཡུན་ཧྲན་ནི་ཀྲུང་གོའི་རིག་གནས་གསར་པའི་ལས་འགུལ་སྐབས་ཀྱི་མཁས་པ་སྐད་གྲགས་ཅན་ཞིག་ཡིན་ལ། 1927ལོར་རྒྱ་གར་རྒྱལ་སྤྱི་སློབ་ཆེན་དུ་ཕེབས་ནས་དགེ་རྒན་གནང་ཞིང་། ལོ་10ཡི་རྗེས་སུ་ཀྲུང་གོ་སློབ་གླིང་བཙུགས་པ་རེད། དེའི་རིང་། མོ་ཕུའུ་ཏེའི་སྤོ་བོ་ཚུད་པའི་རྒྱ་གར་གྱི་མཁས་དབང་ཁག་ཅིག་གིས་ཐའེ་ཀེར་གྱི་འབོད་སྐུལ་འོག་ཀྲུང་གོའི་རིག་གནས་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་ལྗགས་རྩོམ་ཡང་སྟོན་གནང་མོད། ཡིན་ནའང་ཀུན་གྱིས་ཁས་ལེན་ཞིང་བརྒྱུད་རིམ་ལྡན་པའི་རང་བཞིན་དང་ཀུན་ཁྱབ་ཀྱི་དོན་སྙིང་ལྡན་པའི་རྒྱ་གར་གྱི་ཀྲུང་གོའི་རིག་པ་ཞིབ་འཇུག་བྱེད་འགོ་འཛུགས་དུས་ནི། ཀྲུང་གོ་སློབ་གླིང་བཙུགས་པའི་དུས་ཡིན་པ་རེད།
         རྒྱ་གར་གྱི་ཀྲུང་གོའི་རིག་པ་ཞིབ་འཇུག་བྱེད་པའི་འཕེལ་རིམ་དང་མི་འདྲ་བར། རྒྱ་གར་རྒྱལ་སྤྱི་སློབ་ཆེན་ཀྲུང་གོ་སློབ་གླིང་གི་ཐོག་་བརྩེགས་གཉིས་ལྡན་གྱི་ཐོག་ཁང་ཆུང་ཆུང་དེ་ལ་ལོ་བཅུ་ཕྲག་ཁ་ཤས་རིང་འགྱུར་ལྡོག་ཆེན་པོ་བྱུང་མེད་པ་རེད། འོག་ཁང་གི་དགེ་རྒན་ཚོའི་གཞུང་ལས་ཁང་བརྒྱད་པོ་ནི་སློབ་མ་ཚོར་སློབ་ཁྲིད་བྱེད་ས་ཡང་ཡིན་ལ། དཀྱིལ་གྱི་སྤྱི་པའི་སློབ་ཁང་ཆེ་ཤོས་དེའི་ནང་གི་སངས་རྒྱས་ཤཱཀྱ་ཐུབ་པའི་ལྡེབས་རིས་དེ་ནི་1957ལོར་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྒྱ་གར་ལ་འཚམས་འདྲི་གནང་སྐབས་བཀལ་བ་ཞིག་རེད། ཐོག་བརྩེགས་གཉིས་པའི“རིག་དངོས་རིམ་པའི”དཔེ་མཛོད་ཁང་དུ་མིན་གོ་སྲིད་གཞུང་ནས་ད་བར་དུ་ལེགས་སྐྱེས་སུ་ཕུལ་བའི་རྒྱ་ཡིག་གི་གསུང་རབ་མང་པོ་ཉར་ཡོད་པ་རེད། སྨྱུག་འཛིན་པས་ཁ་བརྒྱབ་མེད་པའི་དཔེ་སྒམ་ཞིག་གི་ཁ་ཕྱེ་ནས་དེབ་འགོ་བཙེམས་མ་ཞིག་བླངས་ནས་བལྟས་པར“ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྒྱ་གར་རྒྱལ་སྤྱི་སློབ་ཆེན་ཀྲུང་གོ་སློབ་གླིང་ལ་གནང་བ”ཞེས་པའི་དབྱིན་ཡིག་གི་མཆན་འཁོད་ཡོད་པ་མཐོང་བྱུང་།
         ཨཱ་ཝེ་ཅེ་ཐེ་ནི་རྒྱ་གར་གྱི་རྒྱལ་སྤྱི་སློབ་ཆེན་ཀྲུང་གོ་སློབ་གླིང་གི་ད་ལྟའི་ཡོན་ཀྲང་ཡིན། རྒྱ་གར་གྱི་སློབ་མ་ཚོས་དགེ་རྒན་ཨཱ་ལགས་ཞེས་འབོད་པའི་ཡོན་ཀྲང་དེས་རང་སློབ་གླིང་ལ“ཨེ་ཤེ་ཡ་ལྷོ་མ་ཧྲིལ་པོའི་རྒྱ་ཡིག་གི་གསུང་རབ་མང་ཤོས་ཀྱི་དཔེ་མཛོད་ཁང”ཡོད་པས་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། “སྐུ་ཞབས་ཐན་ཡུན་ཧྲན་ནས་བཟུང་། ལོ་རྒྱུས་ཀྱི་དུས་སྐབས་རེ་རེའི་ཀྲུང་གོའི་ཆབ་སྲིད་མཁས་ཅན་དང་། རིག་གནས་མཁས་དབང་། རིག་གཞུང་སྒྲིག་གཞི་བཅས་ཀྱིས་སློབ་གླིང་ལ་ཀྲུང་གོའི་གསུང་རབ་འབོར་ཆེན་གནང་བ་ལས་གསུང་རབ་མི་ཉུང་བ་ཞིག་ད་ཆ་ཀྲུང་གོར་ཡང་དཀོན་པོར་གྱུར་ཡོད། རྒྱ་གར་དང་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་མཁས་དབང་སྔར་ལས་མང་བས་འདི་གའི་རིན་ཐང་ལ་མཐོང་ཆེན་བྱས་ནས་སྔོག་འདོན་བྱེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད།
         ཀྲུང་གོ་སློབ་གླིང་ཐོག་ཁང་གི་ཕྱི་རོལ་དུ། རྒྱ་སྐད་རགས་ཙམ་ཤེས་མཁན་རྒྱ་གར་གྱི་སློབ་མ་བཅུ་ཕྲག་ཁ་ཤས་ཀྱིས“ཧྲའན་པེའི་སྤྱི་སྐད”ཀྱི་ཐོག་ནས་ཤོག་དྲས་སྒྱུ་རྩལ་ངོ་སྤྲོད་བྱས་པ་ཉན་བཞིན་ཡོད་པ་དང་། ཧྲའན་པེ་ནས་ཡོང་བའི“མཐའ་གསུམ་ཤོག་དྲས”སྒྱུ་རྩལ་གྱི་རྒྱུན་འཛིན་པ་ཀུའོ་རུའུ་ལིན་དང་ཧྭ་ཡུའེ་ཞིའུ་གཉིས་ཀྱིས་ཤོག་ལྷེ་དམར་པོ་དང་ལྗང་ཁུ་སོགས་དྲས་ནས་ཤོག་དྲས་སྒྱུ་རྩལ་ངོམ་བཞིན་འདུག
         ཀྲུང་གོའི་ལག་ཤེས་བཟོ་རྩལ་གྱི་ས་གནས་ས་ཐོག་གི་སློབ་ཚན་དེས་རྒྱ་གར་གྱི་སློབ་མ་མ་ཟད། ད་དུང་སློབ་གླིང་ཕྱི་རོལ་གྱི་ཡུལ་མི་དང་། ཉེན་རྟོག་པ། ཁ་ལོ་བ་སོགས་ཀྱི་ཡིད་དབང་ཡང་བཀུག་ཡོད་པ་རེད།
         ལོ་ལྔའི་གོང་དུ། ཀྲུང་གོ་སློབ་གླིང་དུ་སློབ་ཁྲིད་གནང་མྱོང་བའི་ཡུན་ནན་སློབ་ཆེན་གྱི་དགེ་རྒན་ཁྲེན་ཁྲའོ་ཡང་བསྐྱར་དེ་གར་སློབ་སྦྱོང་བྱེད་པར་ཡོང་བ་རེད། “ཐའེ་ཀེར་གྱི་མཚན་ཉིད་རིག་པ་དང་སློབ་གསོའི་དགོངས་པས་སྐབས་དེའི་ཀྲུང་གོའི་ཡར་ཐོན་མི་སྣར་ཤུགས་རྐྱེན་ཐེབས་པ་མ་ཟད། ད་ཆ་ཡང་སྔར་བཞིན་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་པས། ངས་འདི་གའི་སློབ་གསོའི་ལྟ་བ་དང་བྱེད་ཐབས་ཁག་གཅིག་སྦྱངས་རྗེས་ཀྲུང་གོའི་སྤྱི་ཚོགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནུབ་ལུགས་ཀྱི་སློབ་གསོ་དང་མི་འདྲ་བའི་སློབ་གསོ་གཉེར་སྟངས་གསར་པ་ཞིག་དང་ལྷག་པར་དུ་སློབ་ཞུགས་གོང་གི་སློབ་གསོ་གཉེར་སྟངས་གསར་པ་ཞིག་གཏོད་ཐུབ་རེ་ཡོད”ཅེས་བརྗོད་པ་རེད།
         ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་སྤེལ་རེས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོག་ཡུལ་དུ། སྨྱུག་འཛིན་པས“རྒྱུད་གཅིག་ལམ་གཅིག་དང་ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་མཉམ་དུ་བསྐྱར་དར་ཡོང་རྒྱུ”བརྗོད་དོན་གཙོ་བོར་བྱས་པའི་གཏམ་བཤད་གནང་མཁན་ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་དགེ་རྒན་ཆེ་མོ་ཝང་དབྱི་ཝེས“ཞི་བདེ་ཤང་དུ་ཡོང་དོན་ནི། ཐའེ་ཀེར་གྱི་སྤྱི་སྙོམས་ཆེན་པོའི་དགོངས་པ་སློབ་སྦྱོང་བྱས་ཏེ། ཀྲུང་གོ་དང་རྒྱ་གར་གྱི་ཐུན་མོང་གི་བསམ་བློ་དང་བློ་གྲོས་ལ་བརྟེན་ནས་མིག་སྔའི་གནད་དོན་ལ་ཁ་གཏད་གཅོག་ཆེད་ཡིན”ཞེས་བརྗོད་བཞིན་པ་ཐོས་བྱུང་།
          ཀ་ལི་ཀ་ཏར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ནི་ཐེངས་འདིའི་ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་སྤེལ་རེས་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་གཙོ་གཉེར་བྱེད་མཁན་གྱི་གྲས་ཤིག་ཡིན་ཞིང་། སྤྱི་ཁྱབ་ཁེ་སྐྱོང་བ་མཱ་ཀྲན་ཝུའུ་ཡིས་སྨྱུག་འཛིན་པར། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་མོ་ཏེ་རྣམ་གཉིས་ཞ་མོན་དུ་མཇལ་འཛོམས་གནང་རྗེས་ཀྱི་ཀྲུང་གོ་དང་རྒྱ་གར་་གྱི་ཕྱོགས་གཉིས་ཀྱིས་གཞི་ཁྱོན་ཆེན་པོའི་རིག་གནས་སྤེལ་རེས་བྱེད་སྒོ་སྤེལ་ཐེངས་དང་པོ་ཡིན་པས། ཀྲུང་གོ་དང་རྒྱ་གར་གྱི་ལས་རིགས་ཁག་གི་སྐུ་མགྲོན་70ལྷག་ཙམ་གྱིས་ཐའེ་ཀེར་གྱི་ཕ་ཡུལ་དུ་ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་ལ་མཉམ་རོལ་བྱེད་པ་ཞིག་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།