འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་2035ལོར་སླེབས་སྐབས་དྲ་རྒྱའི་བར་མཐོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་
    གོ་ལ་ཧྲིལ་པོའི་འོས་གྲབས་དཔུང་ཁག་དང་པོར་ཚུད་པའི་བརྩོན་ལེན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན། བཟོ་འཕྲིན་པུའི་པུའུ་ཀྲང་མེའོ་ཡུས་ཀྱིས་རང་རྒྱལ་གྱིས་ཆ་འཕྲིན་དྲ་རྒྱ་སོགས་ཀྱིས་ཚབ་བྱེད་པའི་རྩ་སློག་རང་བཞིན་གྱི་ལག་རྩལ་ཚད་བརྒལ་དང་ཐོན་ལས་བཀོལ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཆ་འཕྲིན་ལག་རྩལ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་མགྱོགས་སུ་བཏང་སྟེ་གྲངས་གཞིའི་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། 2035ལོར་སླེབས་སྐབས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་རགས་ཙམ་བསྐྲུན་ནས་དྲ་རྒྱའི་བར་མཐོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་གོ་ལ་ཧྲིལ་པོའི་འོས་གྲབས་དཔུང་ཁག་དང་པོར་ཚུད་པ་བྱ་རྒྱུ་རེད་ཅེས་བཤད།
         དྲ་རྒྱའི་བར་མཐོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བར་དྲ་རྒྱའི་མཁོ་སྤྲོད་ཀྱི་ནུས་པ་ནི་རྨང་གཞི་རེད། མེའོ་ཡུས་ཀྱིས་འཐབ་ཇུས་ཀྱི་བྱ་སྤྱོད་དང་འདུ་འགོད་གལ་ཆེན་ཁག་གཅིག་སྤེལ་ནས་ཆ་འཕྲིན་ཁྱབ་ཁོངས་ཀྱི་ལྟེ་བའི་ལག་རྩལ་ཚད་བརྒལ་ཐུབ་པ་བྱས་ཏེ། དྲ་རྒྱ་རིམ་སྤོར་དང་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས། དྲ་རྒྱའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་རིན་གོང་དམའ་རུ་གཏོང་ཤུགས་ཆེ་རུ་བཏང་ནས་དྲ་རྒྱའི་ཞབས་འདེགས་སྔར་བས་ཀུན་ལ་ཁྱབ་པ་བྱ་རྒྱུ་རེད།
         2018ལོར་ཀྲའོ་བརྒྱའི་དྲ་ཆེན་ཁྱབ་གདལ་མགྱོགས་སུ་གཏོང་བ་དང་ཀྲའོ་སྟོང་གི་གྲོང་ཁྱེར་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། མྱུར་ཚད་མགྱོགས་པའི་འོད་སྐུད་དྲ་ཆེན་དྲ་རྒྱ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་མངོན་འགྱུར་ཐུབ་པ་བྱས་ནས། སྲིད་འཛིན་གྲོང་ཚོ་ཁྲི་13རུ་འོད་སྐུད་དྲ་རྒྱ་འཁྲིད་པ་དང་རིམ་སྤོར་སྒྱུར་བཀོད་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་བྱ་རྒྱུ་རེད། 4Gདྲ་རྒྱ་ཁྱབ་ཚད་དང་མྱུར་ཚད་མགྱོགས་སུ་བཏང་ནས་སྒུལ་བདེའི་རྒྱུག་འབོར་གྱི་ཆ་སྙོམས་འགྲོ་གྲོན་དམའ་རུ་གཏོང་རྒྱུ་རེད།
         སྤྱི་ཚོགས་ཐོག་དོ་ཁུར་བྱེད་པའི་5Gཞིབ་སྤེལ་བཀོལ་སྤྱོད་བྱེད་པའི་ཐད། མེའོ་ཡུས་ཀྱིས་5Gཐོན་ལས་སྦྲེལ་ཐག་ཡག་པོ་བཟོ་བ་དང་བདེ་འཇགས་དང་ལེ་ལག་ཚང་བའི་འགན་ལེན་ལ་སྐུལ་འདེད་བཏང་ནས། ཉིང་ལྷེབ་དང་འགུལ་ཚད་མྱུར་བའི་ཡོ་ཆས་སོགས་ཐོན་ལས་ཀྱི་ཞན་ཆ་གསབ་ནས་དུས་མཚམས་གསུམ་པའི་ཚོད་ལྟ་ལེགས་གྲུབ་བྱས་ཏེ་གོ་ལ་ཧྲིལ་པོའི་གཅིག་གྱུར་གྱི་5Gཡི་ཚད་གཞི་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།
         དྲ་རྒྱའི་ཆ་འཕྲིན་ལག་རྩལ་དང་ཁྱབ་ཁོངས་ཁག་མགྱོགས་མྱུར་མཉམ་འདྲེས་ཐུབ་རྒྱུ་ནི་འགག་རྩ་རེད། མེའོ་ཡུས་ཀྱིས་དྲ་སྦྲེལ་དང་། གྲངས་གཞི་ཆེན་པོ། མི་བཟོས་རིག་ནུས། བཟོ་སྐྲུན་ལས་རིགས་བཅས་ཀྱི་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་བཟོས་ནས་མཉམ་སྤྱོད་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་གཏོང་བ་དང་། བཟོ་ལས་ཀྱི་གྲངས་གཞི་ཆེན་པོ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྒྱལ་ཁབ་ཀྱི་གྲངས་གཞི་ཆེན་པོའི་ཕྱོགས་བསྡུས་ཚོད་ལྟ་ཁུལ་དང་གྲངས་གཞི་ཆེན་པོའི་དཔེ་སྟོན་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད།
         དྲ་རྒྱའི་བདེ་འཇགས་བསྲུང་རྒྱུ་ནི་མཐའ་ཚད་རེད། མེའོ་ཡུས་ཀྱིས་2018ལོར་བཟོ་འཕྲིན་པུས་ཆ་འཕྲིན་འཕྲིན་གཏོང་གི་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་མེད་འཕྲིན་ཐུང་དང་། སུན་གཙེར་ཁ་པར། ཨང་གྲངས་རྫུས་མ་བཅས་ཀྱི་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས་བཀག་སྡོམ་མ་ལག་སྤྱོད་པ་དང་དོ་དམ་ཡག་པོ་བྱས་ཏེ་དྲ་རྒྱའི་ཁ་བསླུས་སོགས་ཀྱི་གནད་དོན་གསར་པར་ཁ་གཏད་གཅོག་རྒྱུར་ཞིབ་འཇུག་ཧུར་ཐག་བྱ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།