འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོའི་ཕུགས་འདུན་དོན་དུ་གཉེར་བའི"ན་གཞོན་རྐང་རྩེད་སྤོ་ལོ་མཁས་ཅན" 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་25ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དགུན་དུས་སུ་མཚོ་བོད་ས་མཐོར་གྲང་ཟུག་ཆེན་པོ་ཡོད་ཀྱང་། མཚོ་སྔོན་མདོ་པ་རྒྱལ་ཁབ་ས་མཐོའི་ལུས་སྦྱོང་རྟེན་གཞིའི་རྐང་རྩེད་སྤོ་ལོའི་ཐང་དུ་སྦྱོང་བརྡར་བྱེད་མཁན་གྱིས་ཁེངས་ཤིང་། ནོར་བུ་བསོད་ནམས་ཀྱིས་རུ་གྲོགས་དང་མཉམ་དུ་ཉིན་རེའི་འཆར་ཅན་གྱི་སྦྱོང་བརྡར་བྱེད་བཞིན་འདུག
         ལོ་12ལ་སླེབས་པའི་ནོར་བུ་བསོད་ནམས་རུ་གྲོགས་དང་བསྡུར་ན་གཟུགས་པོ་ཆུང་ལ་རིད་ཀྱང་། སྤོ་ལོའི་ཐང་དུ་སླེབས་སྐབས་རྐང་རྩལ་ཡག་ལ་བདེ་ལྕག་ཧ་ཅང་འཁྱུག་པོ་ཡོད།
         འདི་ལོར་གཉེར་བའི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་སློབ་གྲྭ་དབར་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ནོར་བུ་བསོད་ནམས་ཀྱི་རྐང་རྩལ་གྱིས་སྐྱེ་བོ་མང་པོའི་ཡིད་དབང་འཕྲོགས། ཁོ་པས་བདེ་ལྕག་འཁྱུག་པ་དང་རྫུ་འཕྲུལ་བསྟན་པ་ལྟར་གྱི་རྐང་རྩལ་ལ་བརྟེན་ནས་འགྲན་བསྡུར་ལ་སྤོ་ལོ་བསྟུད་མར་བླུགས་པ་མ་ཟད། རུ་གྲོགས་ལ་རམ་འདེགས་གང་མང་མང་བྱས་པས“ཕུལ་བྱུང་ལུས་རྩལ་པའི”མཚན་སྙན་ཐོབ་པ་རེད། འགྲན་བསྡུར་ཁྲོད་གཞན་ལས་ལྷག་པའི་རྐང་རྩལ་དང་གཟུགས་པོའི་ཆ་རྐྱེན་ལེགས་པའི་དབང་གིས་ཁོང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་རིགས་ལག་རྩལ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་པར་བདམས་པ་རེད།
         “ངས་ལའེ་དབན་ཏོ་ཧྥུ་སི་ཅི་དང་འདྲ་བའི་སྤོ་ལོ་མང་པོ་བླུགས་ཤིང་ཕར་རྒོལ་ལ་མཁས་པའི་གདོང་མཆོང་པ་ཞིག་བྱ་རྒྱུ་ཡིན”ཞེས་བཤད་པ་དེ་ནི་ཁོ་པའི་མགྱོགས་ལ་ཐད་ཀར་ཕར་རྒོལ་བྱེད་པའི་སྤོ་ལོ་རྒྱག་སྟངས་དང་འདྲ་བ་མ་ཟད། རྐང་རྩེད་སྤོ་ལོའི་ཕུགས་འདུན་དོན་དུ་གཉེར་བའི་ཁོ་པའི་འདུན་པ་དྲག་པོ་དང་ཡང་འདྲ་བ་རེད།
         ཟླ་གསུམ་གོང་ནོར་བུ་བསོད་ནམས་ཕ་ཡུལ་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་བརྒྱད་ལྷག་ཙམ་བསྐྱོད་རྗེས་དེ་གར་ཆེད་ལས་ཀྱི་རྐང་རྩེད་སྤོ་ལོ་སྦྱོང་བར་བསྐྱོད། ལོ་བདུན་ནས་རྐང་རྩེད་སྤོ་ལོ་སྦྱོང་འགོ་ཚུགས་པ་དང་། ཁོང་ནི་སྤོ་ལོའི་རུ་ཁག་གི་ལོ་ན་ཆུང་ཤོས་དེ་རེད།
         སླེབས་མ་ཐག་པའི་དགོང་མོ་དང་པོར་ཁོ་པ་དྲན་གདུང་གིས་མནར་ནས་གཉིད་ཐེབས་བཅག ནོར་བུ་བསོད་ནམས་ཀྱི་ཕ་ཡུལ་ནི་དེ་ནས་སྤྱི་ལེ་ལྔ་བརྒྱ་ལྷག་ཙམ་ཆོད་པའི་མགོ་ལོག་ཀྲོའུ་ཡི་རྨ་ཆེན་རྫོང་རེད། ལམ་ཐག་རིང་བས་དབྱར་གསེང་དང་དགུན་གསེང་དུས་སུ་མ་གཏོགས་ཁྱིམ་དུ་ལོག་ཁོམ་མེད།
         “ཕ་ཡུལ་དུ་རྐང་རྩེད་སྤོ་ལོ་རྒྱག་པའི་ཆ་རྐྱེན་ཡག་པོ་མེད། འདི་གར་ཁོད་སྙོམས་པའི་སྤོ་ལོའི་ཐང་དང་ཆེད་ལས་ཀྱི་རྩལ་ཁྲིད་པ་དང་ད་དུང་མཉམ་དུ་ཡར་རྒྱས་འགྲོ་བཞིན་པའི་རུ་གྲོགས་ཡོད”ཅེས་ནོར་བུ་བསོད་ནམས་ཀྱིས་བཤད་ཅིང་། ཁོང་གིས་མཉམ་དུ་སྦྱོང་བརྡར་བྱེད་པའི་རུ་མིར་མཛུབ་མོ་འཛུགས་བཞིན“ད་ཆ་ཁོང་ཚོ་ནི་ངའི་ནང་མི་ཡིན”ཞེས་བཤད།
         ད་ལྟ་སྤོ་ལོ་ཡག་པོ་སྤྲོད་མཁན་དེ་ནི་ནོར་བུ་བསོད་ནམས་ཀྱི་རུ་གྲོགས་སུན་ཀྲན་ཧུང་རེད། ཁོང་གཉིས་ལོ་ན་མཉམ་ལ་གཉིས་ཀ་ཕ་ཡུལ་མགོ་ལོག་ནས་ཡིན་པ་དང་། མགོ་ལོག་གི་སློབ་གྲྭའི་དབར་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་རྐང་རྩལ་ཀུན་ལས་ལྷག་པས་ཟླ་བ་གསུམ་གྱི་གོང་འདི་གར་སླེབས་པ་རེད།
         སུན་ཀྲན་ཧུང་ལོ་རིམ་གསུམ་པ་འགྲིམ་སྐབས་རྐང་རྩེད་སྤོ་ལོ་དང་ལས་དབང་དམ་པོར་སྦྲེལ། ཁོང་ཚོའི་རྒྱ་ཡིག་དགེ་རྒན་རྐང་རྩེད་སྤོ་ལོར་དགའ་བས། རྒྱུན་དུ་སློབ་ཚན་གྲོལ་རྗེས་སློབ་གྲོགས་ཚོ་ཁྲིད་དེ་མཉམ་དུ་སྤོ་ལོ་རྒྱག་གི་ཡོད། དུས་དེ་ནས་བཟུང་ཁོ་པ་ཡང་རྐང་རྩེད་སྤོ་ལོར་རིམ་བཞིན་དགའ་བར་གྱུར། སློབ་གྲྭར་ཡོད་དུས་སློབ་གྲོགས་དང་མཉམ་དུ་རྐང་རྩེད་སྤོ་ལོ་རྒྱག་པ་དང་ཁྱིམ་དུ་ལོག་དུས་རང་ཉིད་གཅིག་པུས་སྦྱོང་བརྡར་བྱས་ནས་དུས་འདའ་བར་བྱེད།
        སྤོ་ལོ་གསར་པ་ཞིག་ཉོ་ཆེད། སུན་ཀྲན་ཧུང་དང་ཁོ་པའི་གྲོགས་པོ་ཚོས་ཕ་མས་བྱིན་པའི་དངུལ་ཕྲན་བུ་དག་བསགས་ནས་རྐང་རྩེད་སྤོ་ལོ་ཞིག་ཉོས། ཁོང་ཚོས་རྐང་རྩེད་སྤོ་ལོའི་རུ་ཁག་ཆུང་ཆུང་ཞིག་བཙུགས་པ་དང་ཆབས་ཅིག ས་སྟོང་ཞིག་བཙལ་ནས་སྤོ་ལོ་རྒྱག་འགོ་ཚུགས། སུན་ཀྲན་ཧུང་གིས“སྤོ་ལོ་རྒྱག་སྐབས་ནི་ཆེས་སྐྱིད་པའི་དུས་རེད། སྐབས་དེ་དུས་སེམས་ཁྲལ་མཐའ་དག་རྣ་བའི་རྒྱབ་ཏུ་བསྐྱུར་ཐུབ”ཅེས་བརྗོད།
        ནོར་བུ་བསོད་ནམས་དང་སུན་ཀྲན་ཧུང་ཡོད་པའི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་རིགས་ལག་རྩལ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་པར་ཁྱོན་བསྡོམས་རུ་མི་20ལྷག་ཙམ་ཡོད་པ་དེ་དག་ལོ་ན་བཅུ་གཉིས་བཅུ་གསུམ་ཤ་སྟག་ཡིན་ཞིང་། ཁོང་ཚོས་གཟའ་འཁོར་རེར་ཆུ་ཚོད་15ཡས་མས་སྦྱོང་བརྡར་བྱེད་ཀྱི་ཡོད། “མདུན་ལ་རྒྱུག མདུན་ལ་རྒྱུག ཕར་རྒྱུག་ཚུར་རྒྱུག་བྱོས”ཞེས་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་པའི་རྩལ་ཁྲིད་པ་ཀྲང་ཅན་གྱིས་འགྲན་བསྡུར་གྱི་གནས་ཚུལ་ལ་བལྟས་ནས་སྐབས་སྐབས་སུ་རུ་མིར་མཛུབ་ཁྲིད་བྱེད་ཀྱི་ཡོད།
         ཀྲང་ཅན་གྱིས“རང་ཉིད་དེ་སྔོན་ལས་རིགས་སྤོ་ལོ་རྒྱག་མཁན་ཞིག་ཡིན་པ་དང་། པེ་ཅིང་དང་ཞ་མོན་སོགས་སུ་སྤོ་ལོ་རྒྱག་པར་འགྲོ་མྱོང་ཡོད། ལོ་བཅུ་གྲངས་ཁ་ཤས་རིང་སྤོ་ལོ་གྲོགས་སུ་བསྟེན་པ་དེས་རྐང་རྩེད་སྤོ་ལོ་ངའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་པའི་སྣང་བ་ཡོང་གི་འདུག”ཅེས་བརྗོད།
         ཆེད་ལས་རྐང་རྩེད་སྤོ་ལོའི་རུ་ཁག་ནས་ཐོན་རྗེས་ཀྲང་ཅན་ཕ་ཡུལ་ཟི་ལིང་དུ་ལོག་ནས་རྩལ་ཁྲིད་པ་ཞིག་བྱས། “ང་ཆུང་དུས་དང་བསྡུར་ན། མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་ཆ་རྐྱེན་ཡག་ཏུ་ཕྱིན་ཡོད་མོད། འོན་ཀྱང་ནང་ས་དང་བསྡུར་ན་ད་དུང་ཧེ་བག་ཡོད་པས། ངའི་རེ་བར་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་དགའ་བའི་ཕྲུ་གུ་མང་དག་ཅིག་ཕྱིར་སྤོ་ལོ་རྒྱག་པར་འགྲོ་རྒྱུའི་གོ་སྐབས་བྱུང་ན་སྙམ”
         དེའི་མཚམས་སུ་སྤོ་ལོའི་ཐང་གི་ཕྱོགས་གཞན་ཞིག་ཏུ་རྐང་རྩེད་སྤོ་ལོའི་རུ་ཁག་དང་པོའི་རུ་མིས་བང་རིང་པོ་ཞིག་བསྒྲིགས་པ་དང་ལག་གདང་སྦྲེལ་ནས་རྐང་པ་ཡ་གཅིག་ལུས་སྦྱོང་ཡོ་བྱད་ཐོག་བཞག་སྟེ་གྲལ་འགྲིག་པའི་ངང་འབོད་ཚིག་བསྒྲགས་ནས་དོ་སྙོམས་སྦྱོང་བརྡར་བྱེད་བཞིན་མཆིས། རུ་ཁག་དང་པོ་དང་གཉིས་པའི་མི་གྲངས་སྤྱིར་ན་གཅིག་མཚུངས་ཡིན་རུང་། རུ་ཁག་དང་པོའི་ལོ་ན་ཅུང་མཐོ་བ་དང་མང་ཆེ་བ་བཅུ་བདུན་བཅོ་བརྒྱད་རེད། ཁོང་ཚོ་ཚང་མ་ནི་མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་མ་འོངས་ཀྱི་རེ་བ་རེད།
         གཟུགས་སྟོབས་ཆེ་ལ་ངོ་གདོང་ཅུང་ནག་པའི་ཀྲེང་ཡུས་རྐང་རྩེད་སྤོ་ལོའི་རུ་ཁག་དང་པོའི་རྒྱབ་སྲུང་བ་ཞིག་ཡིན་པ་དང་། སྤོ་ལོ་རྒྱག་འདོད་ཆེ་བའི་ཁོ་པས་གནས་དེར་སྦྱོང་བརྡར་བྱས་ནས་ད་བར་ལོ་གསུམ་འདས། དང་ཐོག་ཁོང་གདོང་མཆོང་བ་ཞིག་བྱེད་འདོད་ཆེན་པོ་ཡོད། འོན་ཀྱང་རུ་ཁག་གི་ཁྱོན་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད་རང་ཉིད་དང་ཧ་ཅང་འཚམ་པའི་རྒྱབ་སྲུང་བ་ཞིག་བྱས་པ་རེད།
         “རྐང་རྩེད་སྤོ་ལོ་ནི་ཚོགས་པའི་ལུས་རྩལ་ཞིག་ཡིན་པས། རང་སོ་སོའི་ཁྱད་ཆོས་མངོན་དགོས་པ་མ་ཟད། ད་དུང་ཚོགས་པའི་ཆུ་ཚད་ཆེ་ཤོས་ཀྱང་འདོན་དགོས”ཅེས་ཀྲེང་ཡུས་ཀྱིས་བརྗོད་ཅིང་། ཁོང་གིས་ལོ་དེ་དག་རིང་རྐང་རྩེད་སྤོ་ལོས་སྤྲོ་སྣང་དང་གཟུགས་པོ་ཐང་པོ་ཞིག་བྱིན་བྱུང་ལ། སྤུན་མཆེད་ལྟར་བརྩེ་བའི་མཛའ་གྲོགས་ཀྱང་བྱིན་བྱུང་། ཁོང་དང་རུ་གྲོགས་ཚོས་ཉིན་ལྟར་གྱི་གཅིག་སྡུད་ནང་སྦྱོང་བྱས་རྗེས། ད་དུང་རང་འགུལ་ངང་སྦྱོང་བརྡར་གྱི་དུས་ཡུན་རིང་དུ་གཏོང་རྒྱུའི་རེ་བ་འདོན་གྱི་ཡོད་ཅེས་བརྗོད།
         ཕྱི་ལོ་ཀྲེང་ཡུས་ཀྱིས་མཐོ་རྒྱུགས་གཏོང་དགོས་པས། ཁོང་གིས་ནང་སའི་སློབ་གྲྭར་ཡིག་རྒྱུགས་བཏང་སྟེ་དེ་བས་ཆེད་ལས་ཀྱི་རྐང་རྩེད་སྤོ་ལོའི་སློབ་གསོ་དང་ལེན་བྱེད་འདོད་ཀྱི་ཡོད། ནོར་བུ་བསོད་ནམས་ཀྱི་ཕུགས་འདུན་དེ་བས་སྟབས་བདེ་ལ་ཐད་ཀར་ཞིག་ཡོད་པ་སྟེ“ངའི་རེ་བ་ཆེ་ཤོས་ནི་ཚེ་གང་རིང་རྐང་རྩེད་སྤོ་ལོ་རྒྱག་རྒྱུ་དེ་ཡིན”ཞེས་བཤད།
         ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ།
      

    ཕྱོགས་བསྡུས་གསར་འགྱུར།