འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་གི་གྱོད་གཞི་སྒྲུབ་གཉེར་ཚད་ལྡན་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་གི་གྱོད་གཞི་སྒྲུབ་གཉེར་བྱེད་པའི་གོ་རིམ་སྔར་བས་ཚད་ལྡན་དུ་བཏང་སྟེ་མི་དམངས་ཞིབ་དཔྱོད་ཁང་གི་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་དཔལ་འབྱོར་ཉེས་གསོག་གི་གྱོད་གཞི་ཁྲིམས་ལྟར་ཁྲིམས་གཅོད་བྱ་ཆེད། ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུས་མཉམ་འབྲེལ་ཐོག་《སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་གི་གྱོད་གཞི་སྒྲུབ་གཉེར་སྐོར་གྱི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུའི་གཏན་འབེབས་འགའ་ཞིག་》ལ་བཟོ་བཅོས་བརྒྱབ་ནས་བཀྲམ་པ་རེད།
         སྤྱི་བདེ་པུའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2005ལོའི་ཟླ་12ཚེས་31ཉིན་སྤྱི་བདེ་པུས་《སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་གི་གྱོད་གཞི་སྒྲུབ་གཉེར་སྐོར་གྱི་གཏན་འབེབས་འགའ་ཞིག་》ཡོངས་བསྒྲགས་བྱས་པ་དང་། 2006ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་དཔལ་འབྱོར་ཉེས་གསོག་གི་གྱོད་གཞིའི་གནས་ཚུལ་སྔར་བས་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པ་དང་། སྤྱི་བདེའི་དཔལ་འབྱོར་མྱུལ་ཞིབ་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པ། སྔར་ཡོད་ཀྱི་གཏན་འབེབས་དང་སྤྱི་བདེའི་དཔལ་འབྱོར་མྱུལ་ཞིབ་ཁྲིམས་སྐྱོང་ལག་ལེན་དབར་གྱི་ཕན་ཚུན་མི་འཚམ་པ་དང་ཐ་ན་ཕན་ཚུན་འགལ་བར་འགྱུར་བའི་སྣང་ཚུལ་མངོན་གསལ་དོད་པོ་ཡོད་པས། རྩེ་རིམ་ཇུས་འགོད་ནས་འགྱུར་ལྡོག་གཏོང་བར་དགོས་གལ་ཆེན་པོ་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ཁྲིམས་འཛིན་འགྲེལ་བཤད་ཀྱི་ངོ་བོ་ལྡན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེར་ཁྱོན་ལེའུ་10དང་དོན་ཚན་80ཡོད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གྱོད་གཞི་བདག་སྤྲོད་ཁོངས་གཏོགས་ཀྱི་ས་ཁོངས་ཀྱི་བདག་སྤྲོད་དང་། བདག་སྤྲོད་རྩོད་གཞི། དམིགས་འཛུགས་བདག་སྤྲོད་བཅས་དང་། གྱོད་དོན་ཐོ་འགོད་དང་གྱོད་དོན་ཕྱིར་འཐེན་བྱེད་པའི་ཁྲོད་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་དཔྱོད་དང་། ཉེས་དོན་ཉེན་རྟོག་པ་དང་མང་ཚོགས་སྣོལ་སྡེབ། གྱོད་དོན་ཕྱིར་འཐེན་བྱེད་པའི་ཆ་རྐྱེན་བཅས། མྱུལ་ཞིབ་བྱས་ནས་གྱོད་དོན་ཐག་གཅོད་བྱེད་པའི་ཁྲོད་བཙན་འདོམས་ཀྱི་བྱེད་ཐབས་དང་། མྱུལ་ཞིབ་དཔང་ལེན། ཁྲིམས་གཉིས་སྦྲེལ་མཐུད་བཅས། དེ་བཞིན་གྱོད་འབྲེལ་རྒྱུ་ནོར་ཐག་གཅོད་དང་། མང་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་སྒྲུབ་གཉེར། གཏུག་བཤེར་ལ་ཞུགས་མཁན་འགན་ལེན་བྱེད་པ་སོགས་ཀྱི་གནད་དོན་རབ་དང་རིམ་པ་སྔར་བས་ཁ་གསལ་བཟོས་པ་དང་ཚད་ལྡན་དུ་བཏང་ཡོད་པ་རེད།
         གཏན་འབེབས་འགའ་ཞིག་ལ་དང་ཐོག་སྤྱིའི་རྩ་དོན་ནང་སྤྱི་བདེ་ལས་ཁུངས་ལ་གྱོད་གཞི་སྒྲུབ་གཉེར་བྱེད་རྒྱུར“ངེས་པར་དུ་ལྔ”ཡི་བླང་བྱ་ནན་པོ་བཏོན་པ་དཔེར་ན། ངེས་པར་དུ་ཆད་གཅོད་ཉེས་གསོག་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གལ་ཆེ་མཉམ་འཛིན་དང་། དངོས་ཚན་གཞུང་དྲང་དང་གོ་རིམ་གཞུང་དྲང་གལ་ཆེ་མཉམ་འཛིན། ཉེས་གསོག་གི་བདེན་དཔང་ར་སྤྲོད་དང་གྱོང་གུན་ཁ་གསབ་གལ་ཆེ་མཉམ་འཛིན་བཅས་མཐའ་འཁྱོངས་ཀྱིས་དཔལ་འབྱོར་ཉེས་གསོག་དང་དཔལ་འབྱོར་གྱི་རྩོད་གཞིའི་དབར་གྱི་དབྱེ་མཚམས་གསལ་པོ་ཕྱེ་ནས་འགན་དབང་གང་བྱུང་དུ་སྤྱོད་མི་རུང་ལ་རང་འགན་སྣང་མེད་དུའང་འཇོག་མི་རུང་བ་དང་། ངེས་པར་དུ་ཁྲིམས་གཏན་འཁེལ་བའི་གོ་རིམ་ལ་ནན་པོར་གཞིགས་ནས་བརྟག་ཞིབ་རང་བཞིན་གྱི་མྱུལ་ཞིབ་བྱེད་ཐབས་ཚད་ལྡན་སྤྱད་དེ་མི་ལུས་ལ་ཚོད་འཛིན་དང་རྒྱུ་ནོར་གྱི་དབང་ཆའི་བཙན་ཤེད་རང་བཞིན་གྱི་བྱེད་ཐབས་ཡང་དག་སྤྱོད་དགོས་པ། ངེས་པར་དུ་ཁྲིམས་ལ་ནན་པོར་གཞིགས་ནས་གྱོད་གཞི་སྒྲུབ་གཉེར་མཐའ་འཁྱོངས་བྱེད་དགོས་ལ་གྱོད་གཞི་སྒྲུབ་གཉེར་བྱེད་སྟངས་ལའང་སྣང་ཆེན་གྱིས་གྱོད་གཞི་སྒྲུབ་གཉེར་བྱེད་པའི་དུས་སྐབས་དང་བྱེད་སྟངས་གཟབ་ནན་བདམས་ཏེ་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་བདེ་བླག་ངང་སྤེལ་བར་འགན་ལེན་བྱེད་དགོས་པ་སོགས་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུས་མཉམ་འབྲེལ་ཐོག་བཟོ་བཅོས་བརྒྱབ་ནས་བཀྲམ་པའི་གཏན་འབེབས་འདི་ནི་འདྲི་གཅོད་ལྟེ་བར་བྱེད་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བླང་བྱ་དང་། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ལས་ཁུངས་གསུམ་གྱིས་ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་པར་ལས་བགོས་འགན་ཁུར་དང་། ཕན་ཚུན་གཞོགས་འདེགས། ཕན་ཚུན་ཚོད་འཛིན་བཅས་བྱེད་པའི་གཞི་རྩའི་རྩ་དོན་གྱི་དགོས་མཁོ་ཞིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།