མི་དམངས་དྲ་བ།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཟབ་
གཏོང་སྐོར་གྱི་བསམ་འཆར་འགའ་ཞིག་》དཔར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཟབ་གཏོང་སྐོར་གྱི་བསམ་འཆར་འགའ་ཞིག་》དཔར་འགྲེམས་བྱས་པ་རེད།(གཤམ་དུ《བསམ་འཆར་》ཞེས་བསྡུ་རྒྱུ)
        《བསམ་འཆར་》ནང་བསྟན་དོན། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཟབ་ཏུ་བཏང་ནས་སློབ་གསོའི་འཁོར་འབྲེལ་དང་། ཤེས་ལྡན་པའི་འཁོར་འབྲེལ། ཐོན་ལས་ཀྱི་འཁོར་འབྲེལ། གསར་གཏོད་འཁོར་འབྲེལ་བཅས་འབྲེལ་མཐུད་ནུས་ལྡན་ལ་སྐུལ་མ་གཏོང་རྒྱུ་ནི་དེང་སྐབས་མི་ཤུགས་ཐོན་ཁུངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་བླང་བྱ་ཡིན་པ་དང་། དུས་བབ་གསར་པའི་འོག་ཕྱོཌ་ཡོངས་ནས་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་། ལས་ཞུགས་ལས་གཏོད་རྒྱ་སྐྱེད། དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་གཏོང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།
        ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་་མཐའ་འཁྱོངས་བྱས་ནས་ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོ་སོགས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ཤེས་ལྡན་པ་གསོ་སྐྱོང་གི་མཁོ་སྤྲོད་ཕྱོགས་དང་ཐོན་ལས་དགོས་མཁོ་ཕྱོགས་ཀྱི་གྲུབ་ཆའི་རྒྱུ་རྐྱེན་ཕྱོགས་ཡོངས་ནས་མཉམ་འདྲེས་ཡོང་བར་སྐུལ་མ་གཏོང་བ། བྱང་ཚད་མཐོ་བའི་གསར་གཏོད་ཤེས་ལྡན་པ་དང་ལག་རྩལ་རྩལ་ནུས་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱེད་པ། དངོས་ཚན་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། དེང་རབས་དངུལ་རྩ། མི་ཤུགས་ཐོན་ཁུངས་གཞོགས་འདེགས་གོང་འཕེལ་བཅས་ཀྱི་ཐོན་ལས་མ་ལག་མགྱོགས་པོ་སྐྲུན་པ་བཅས་བྱེད་དགོས།
        《བསམ་འཆར་》ནང་བླང་བྱ་བཏོན་དོན། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱི་ཤེས་ལྡན་པའི་གསོ་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་བཟོ་བོའི་སྙིང་སྟོབས་སྐྱེད་སྲིང་བྱས་ཏེ་རྨང་གཞིའི་སློབ་གསོར་མཉམ་འདྲེས་བྱེད་དགོས་ཤིང་། ལས་རིགས་སློབ་གྲྭ་དང་ཁེ་ལས་མནའ་འབྲེལ་ཉིད་ལས་རིགས་དང་མཉམ་འབྲེལ་དང་གླིང་ཁུལ་དང་སྦྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་ནས་ལག་ལེན་རང་བཞིན་གྱི་སློབ་ཁྲིད་དུས་ཡུན་སྤྱིའི་སློབ་ཁྲིད་དུས་ཡུན་གྱི་50%ལས་མི་ཉུང་བར་བྱེད་དགོས། མཐོ་རིམ་སློབ་གསོའི་རིག་གཞུང་ཤེས་ལྡན་པ་དང་ཉེར་སྤྱོད་ཤེས་ལྡན་པའི་རིགས་དབྱེ་གསོ་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སློབ་མར་སྣ་མང་ཅན་གྱི་འཚར་ལོངས་ལམ་བུ་མཁོ་འདོན་བྱེད་དགོས། ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་དང་ལས་རིགས་ཁྱད་ལྡན་རིགས་ཀྱི་མཐོ་སློབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཉེར་སྤྱོད་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་གི་བསྡུར་ཚད་མཐོ་རུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ལ་སྐུལ་ལྕག་བཏང་ནས་ཐོན་ལས་དགེ་རྒན(མཛུབ་ཁྲིད་དགེ་རྒན)གྱི་དམིགས་བཙུགས་ལས་གནས་ཀྱི་འཆར་གཞི་འཚོལ་ཞིབ་བྱེད་དགོས། རྒྱུགས་གཏོང་སློབ་བསྡུའི་ལེ་ལག་ཚང་བའི་སྒྱུར་བཅོས་འཐུས་སྒོ་ཚང་དུ་བཏང་ནས་མཐོ་རིམ་སློབ་གྲྭར་ལས་ཀའི་ལག་ལེན་དང་ཉམས་མྱོང་ལྡན་པའི་མི་སྣ་བསྡུ་བའི་བསྡུར་ཚད་རིམ་གྱིས་མཐོ་རུ་གཏོང་དགོས།
         《བསམ་འཆར་》ནང་ནན་བཤད་བྱས་དོན། ལས་རིགས་མཐུན་སྦྱོར་གྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཁྲོམ་རའི་ཞབས་ཞུའི་རྩ་འཛུགས་གོང་འཕེལ་ཚད་ལྡན་ཡོང་བར་བྱེད་པ། ཆ་འཕྲིན་ཞབས་ཞུའི་ལས་སྟེགས་གཏོད་པ། སྤྱི་ཚོགས་ཀྱི་ཕྱོགས་གསུམ་པའི་གདེང་འཇོག་འཐུས་ཚང་དུ་གཏོང་བ། ཐོན་ལས་དང་སློབ་གསོའི་འདོན་སྤྲོད་ཕྱོགས་གཉིས་འབྲེལ་མཐུད་ཡོང་བར་སྐུལ་མ་གཏོང་བ་བཅས་བྱེད་དགོས། ཁྲོམ་རའི་མཉམ་ལས་དང་ཐོན་ལས་ལས་འགོར་བརྟེན་ནས་སློབ་གྲྭ་དང་ཁེ་ལས་ཀྱི་ཁེ་ཕན་གྱི་ཐུན་མོང་སྒྲིག་གཞི་བསྐྲུན་ཏེ་བརྟན་ལ་གཉིས་ཕན་གྱི་མཉམ་ལས་ལམ་སྲོལ་ཆགས་རྒྱུ་དང་སློབ་གྲྭ་དང་ཁེ་ལས་འབྲེལ་འདྲིས་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།