མི་དམངས་དྲ་བ།

༄༅།།"སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྒྲུབས་གནང་བའི་བྱ་བ་ཚང་མ་ང་ཚོ་མི་སེར་ཚང་མས་
རེ་སྒུག་བྱེད་པའི་བྱ་བ་ཤ་སྟག་རེད"

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ——ཧྲན་ཏུང་དབྱི་མོང་རི་ཁུལ་གྱི་མི་སེར་ཚོའི་སྙིང་གཏམ།         
         གྲོང་མི་མཱ་ཅིན་ལན། “ཚོགས་ཆེན་བཅུ་དགུ་པས་ང་ཚོར་སེམས་རྣལ་རིལ་བུ་སྦྱིན”
         2013ལོའི་ཟླ་བ་བཅུ་གཅིག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་གཟིགས་ཞིབ་གནང་སྐབས“དམག་དམངས་ཆུ་དང་འོ་མ་འདྲེས་པ་ལྟར་བརྩེ་སེམས་ཟབ་པ་དང་འཆི་གསོན་མཉམ་གནས་ཀྱི་དབྱི་མོང་གི་སྙིང་སྟོབས་བཏོད་པ་དེ་ང་ཚོས་མིག་སྔར་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུར་སྔར་བཞིན་ཧ་ཅང་གལ་འགངས་ཆེ་བའི་བློ་འབྱེད་ཀྱི་ནུས་པ་ལྡན་ཡོད”ཅེས་ནན་བཤད་གནང་ཡོད།
          དགུན་དུས་ང་ཚོ་དེ་གར་ཡོང་དོན་ནི། གཅིག་ནས་སྔོན་གཤེགས་དཔའ་བོའི་བྱས་རྗེས་རྗེས་དྲན་བྱ་རྒྱུ་དང་། གཉིས་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་མི་སེར་དང་གླེང་མོལ་བྱས་ནས་ཁོང་ཚོའི་དགའ་སྐྱོའི་བསམ་པ་དང་བློ་ལ་གང་བསམ་མིན་དང་རེ་བ་གང་ཡོད་མིན་ཉན་རྒྱུ་དེ་ཡིན།
         འདི་ལོ་ང་ལོ་53ལ་སླེབས་ཀྱི་འདུག བུ་མོ་མནའ་མར་བསྟེར་ཟིན་པ་དང་བུ་ཡང་པེ་ཅིང་དུ་ལས་ཀ་བྱེད་ཀྱི་ཡོད། ད་ཆ་སེམས་ཁྲལ་གང་ཡང་མི་འདུག ལོ་ཁ་ཤས་ཀྱི་གོང་དུ་དེ་དག་བསམ་ཡང་བསམ་མི་ཕོད་པ་ཞིག་རེད། ལོ་ཁ་ཤས་ཀྱི་གོང་དུ་ངའི་དགའ་རོགས་ཕྱིར་གླ་པ་རྒྱུག་སྐབས་ཐོག་སོ་གཉིས་པ་ནས་ཟག་སྟེ་རྐང་པ་ཆག་རྗེས། ང་ནང་གི་ཡོང་འབབ་གསོག་མཁན་གཙོ་བོར་གྱུར། ཉིན་གང་ཞིང་ཁའི་ནང་དཀའ་བ་སྤྱད་ཀྱང་དངུལ་དེ་ཙམ་མི་རག་པའི་སྐེད་ཚིགས་གཅོང་ནད་ཕོག་སྟེ་འཚོ་བའི་ཆ་རྐྱེན་ཇེ་སྡུག་ཏུ་སོང་ནས་དུད་ཚང་དབུལ་པོར་གྱུར་སོང་།
         ད་ཆ་འཚོ་བ་ཡག་ཏུ་ཕྱིན་པ་མ་ཟད། ཡོང་འབབ་ཀྱང་ཁ་ཤས་ལེན་རྒྱུ་ཡོད། ད་ཆ་ང་གྲོང་ཚོའི་རྩེད་ཆས་བཟོ་གྲྭ་ཞིག་ཏུ་ལས་ཀར་འགྲོ་གི་ཡོད་ལ། ལོར་གླ་ཆ་སྒོར་ཁྲི་གཉིས་ཙམ་ལེན་རྒྱུ་ཡོད། ས་ཞིང་མུའུ་གསུམ་ཡང་གཞན་ལ་བཏང་ནས་ལོ་ལྟར་གླ་སྒོར་3000ལེན་རྒྱུ་ཡོད་ལ། ངའི་དགའ་རོགས་གྲོང་ཚོའི“རུ་ཆེན”དུ་ལས་ཀ་ཙག་ཙིག་བྱེད་པ་དང་ལོར་གླ་ཆ་སྒོར་3600ལེན་རྒྱུ་ཡོད་ས་ཞིང་མུའུ་གཅིག་ལྷག་ཙམ་གྱི་ཐོག་ཏུ་བ་དམ་དང་། ཨ་ཤོམ། ཀྭ་རིགས་སོགས་བཏབ་པའི་ཡོང་འབབ་སྒོར་4000ཙམ་ཡོང་གི་འདུག
         ད་ཆ་ང་ཚོའི་འཚོ་བ་ཇེ་ཡག་ཏུ་སོང་བ་དེ་ཀྲུང་དབྱང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད། ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས། ང་ཚོ་ཞིང་པ་ཚོར་ཕན་པའི་སྲིད་ཇུས་མང་པོ་བཏོན་འདུག དེ་ཉིན་བརྙན་འཕྲིན་ཐོག་ནས་ཚོགས་ཆེན་ལ་ལྟ་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་དང་ཞིང་པའི་གནད་དོན་སྐོར་གསུངས་སྐབས་སེམས་ནང་དགའ་སྤྲོ་དཔག་མེད་བྱུང་བ་མ་ཟད། ཚོགས་ཆེན་བཅུ་དགུ་པས་ང་ཚོར་སེམས་རྣལ་རིན་བུ་སྦྱིན་སོང་། ས་ཞིང་ནི་ང་ཚོ་ཞིང་པའི་ལྟོ་ཕོར་རེད། དེ་སྔ་ས་ཞིང་འགན་གཙང་གི་དུས་ཚོད་ཐིམ་རྗེས་ཕར་བླངས་ན་གང་འདྲ་བྱེད་དགོས་སམ་སྙམ་བྱུང་། “རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་སྤྲོད་པའི་དུས་ཚོད་སླར་ཡང་ལོ་30ནར་འགྱངས་བྱ་རྒྱུ་ཡིན་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ཐོས་རྗེས་སེམས་ལྷོད་དུ་བབས་སོང་།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོང་གསེབ་ཏུ་ཕེབས་མྱོང་བ་དང་ཞིང་པ་གནང་མྱོང་བས་ང་ཚོ་ཞིང་པའི་འཚོ་བ་ཁག་པོ་ཡོད་པ་མཁྱེན་གྱི་ཡོད། ད་ཆ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐབས་བརྒྱ་ཇུས་སྟོང་ངང་ང་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡག་པོ་དེ་འདྲ་ཡོད་པས་ང་ཚོ་བློ་རྦད་དེ་བདེ་སོང་།
          དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་རྙིང་པ་ལི་ཤན་ཁུན། “ལོ་ལྔ་དེ་དག་ནི་མི་སེར་ལ་ཕན་པ་ཐོབ་མང་ཤོས་ཀྱི་ལོ་ལྔ་ཡིན”
         གཙང་པོ་ཞིག་སྒྲོལ་ན་གྲོང་ཚོ་ཞིག་ཏུ་སླེབས་ཀྱི་འདུག ཁྱིས་འབ་པ་དང་སྦྲགས་སྒོ་རའི་ནང་གི་གློག་སྤར་བ་དང་བཟའ་ཚོ་རྒན་རྒོན་གཉིས་ཀྱིས་ང་ཚོ་སྒོ་རའི་ནང་འཁྲིད། སྦྱིན་བདག་ཁོང་གི་མིང་ལ་ལི་ཤན་ཁུན་ཟེར་བ་དང་ལོ་67ལ་སླེབས་ཤིང་། བཟའ་ཟླའི་མིང་ལ་དབྱང་ཀུའེ་ཅིན་ཟེར་བ་དང་ཁོང་ལས་ལོ་གཅིག་གིས་རྒན་པ་འདུག བཟའ་ཚོ་གཉིས་ཀྱིས་རྐུབ་སྟེགས་སྤྲད་ནས་ང་ཚོ་སྡོད་དུ་བཅུག་བྱུང་།
         ང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་ཡོད་པ་དང་ཚང་མ་ཁྱིམ་ཚང་ཟིན་ཚར་སོང་། མ་གཞི་བྱས་ན་ང་གཉིས་ལ་སེམས་ཁྲལ་དེ་ཙམ་མེད་པ་དང་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་བསམ་ཡང་། བསམ་ཡུལ་ལས་འདས་པ་ཞིག་ལ་ན་ནིང་ང་ལ་སྙིང་ནད་ཕོག་སྟེ་གཤགས་བཅོས་ཆེན་པོ་བྱེད་དགོས་བྱུང་བ་དང་སྨན་རིན་ཡང་སྒོར་ཁྲི་8ལྷག་ཙམ་ཐོབ་སོང་། ངའི་ནད་དེ་ནད་ཆེན་སྨན་བཅོས་འགན་བཅོལ་གྱི་ཁོངས་སུ་གཏོགས་པར་བརྟེན་གཞུང་ནས་སྨན་རིན་སྒོར་ཁྲི་ལྔ་ཙམ་རྩིས་ཞུ་བྱས་པས་སྨན་རིན་དེ་ཙམ་འདོན་དགོས་མ་བྱུང་། འོན་ཀྱང་ངེད་གཉིས་ལོ་ན་མཐོ་བའི་རྐྱེན་གྱིས་སྨན་རིན་ལྷག་མ་སྒོར་ཁྲི་3དེ་སྤྲོད་པའི་ནུས་པ་མེད་པར་བརྟེན་དུད་ཚང་དབུལ་པོར་གྱུར་སོང་།
         བསམ་ཡུལ་ལས་འདས་པར་ཏང་དང་སྲིད་གཞུང་གིས་དུད་ཚང་དབུལ་པོར་དམིགས་བསལ་ལྟ་སྐྱོང་གནང་བར་བརྟེན་སྨན་རིན་ཚང་མ་རྩིས་ཞུ་བྱས་པ་དང་ང་ཚོ་རང་ཉིད་ཀྱིས་སྒོར་4000ལས་འདོན་དགོས་མ་བྱུང་། གཟིགས་སྐྱོང་སྲིད་ཇུས་དེ་ནི་དུས་ཐོག་ཆར་པ་རང་རེད། ལོ་ཁ་ཤས་ཀྱི་སྔོན་ལ་ཡིན་ན། སྨན་རིན་ཕོན་ཆེན་དེ་འདྲ་ང་ཚོས་འདོན་ག་ལ་ཐུབ། ང་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
         ལོ་དེ་དག་ནང་ཀྲུང་དབྱང་གིས་ང་ཚོ་མི་སེར་ལ་ཐུགས་ཁུར་ཟབ་མོ་གནང་བ་མ་ཟད། དངོས་དངོས་རྗེན་རྗེན་གྱི་བྱ་བ་མང་པོ་བསྒྲུབས་པ་དང་། ལྷག་པར་དུ་ཉེ་བའི་ལོ་ལྔ་ནི་མི་སེར་ལ་ཕན་པ་ཐོབ་མང་ཤོས་ཀྱི་ལོ་ལྔ་རེད།
         ད་ཆ་ང་ཚོ་ཞིང་པར་རྒན་གསོའི་དངུལ་མི་རེར་ཟླ་རེར་སྒོར་100ལེན་རྒྱུ་ཡོད། ང་ལྕགས་ལམ་དམག་མི་བྱས་ནས་ལྕགས་ལམ་འདིང་བ་དང་ལྕགས་ལམ་བསྐྲུན་པའི་ནང་ཞུགས་མྱོང་བ་དེ་རྒྱལ་ཁབ་ཀྱིས་མ་བརྗེད་པར་ལོ་ལྟར་ཁ་གསབ་དངུལ་སྒོར་1700སྤྲོད་པ་དང་རང་ཉིད་ཏང་ཡོན་རྙིང་པ་ཡིན་པར་བརྟེན་རྩ་འཛུགས་ཀྱིས་ཀྱང་ལྟ་སྐྱོང་གང་ཡག་གནང་གི་འདུག
          རྒས་དུས་གསོ་མཁན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། དབུལ་པོར་རོགས་པ་བྱེད་མཁན་ཡོད་པ་བཅས་ཀྱི་སྲིད་ཇུས་དེ་དག་ཆད་ལུས་མེད་པར་ལོངས་སྤྱོད་ཐུབ་སོང་། འབྱོར་འབྲིང་ལམ་དུ་མི་གཅིག་རྐྱང་རྗེས་སུ་ལུས་སུ་འཇུག་མི་རུང་ཞེས་པའི་དྲོ་སྐྱིད་ལྡན་པའི་བཀལ་མོལ་དེ་ང་ཚོས་ཏན་ཏིག་ཚོར་ཐུབ་སོང་། ད་ཆ་ང་ཚོའི་ཐོབ་ཚོར་ཆེ་རུ་ཕྱིན་པ་དང་འབྱུང་འགྱུར་ལ་རེ་བས་ཁེངས་ནས་ཡོད།
         ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྔའི་ནང་རྒྱལ་ཡོངས་མི་དམངས་སྣེ་ཁྲིད་དེ་བསྒྲུབས་གནང་བའི་བྱ་བ་དག་ང་ཚོའི་བློ་ལ་ངེས་ནས་ཡོད། ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་བྱ་བ་དག་ཁོང་གིས་རེ་རེ་བྱས་ནས་བསྒྲུབས་པ་དང་ལོ་རེ་བྱས་ནས་བསྒྲུབས་པས་ང་ཚོས་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
         གྲོང་ཚོའི་ཀྲི་ཧྲུའུ་ལི་གཡུང་། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྒྲུབས་གནང་བའི་བྱ་བ་ཚང་མ་ང་ཚོ་མི་སེར་ཚང་མས་རེ་སྒུག་བྱེད་པའི་བྱ་བ་ཤ་སྟག་རེད”
       ཁྲང་ཧྲན་ཀྲོང་གྲོང་ཚོ་དེ་སྔ་རི་འགོག་དམག་འཁྲུག་གི་མཁར་རྫོང་གྲོང་ཚོ་ཞིག་ཡིན་པ་དང“ཀྲུང་གོའི་གྲོང་གསེབ་མཛེས་ཤོས་བཅུ”ཡི་གྲས་སུ་བདམས་ཡོད། ཁྲང་ཧྲན་ཀྲོང་གྲོང་ཚོའི་གསར་བརྗེའི་གློག་བརྙན་དང་བརྙན་འཕྲིན་རྟེན་གཞིའི་ཞབས་ཞུ་ལྟེ་གནས་སུ་དགོང་མོ་ཞག་སྡོད་བྱས་ཏེ་གྲོང་ཚོའི་ཀྲི་ཧྲུའུ་ལི་གཡུང་དང་ཅི་འཕྲོས་མོལ་འཕྲོས་བཤད་ནས་བསྡད་པ་ཡིན།
          ང་འདི་ལོ་ལོ་44ཡིན། དེ་སྔ་གྲོང་ཁྱེར་ནང་བསྐྱོད་དེ་སྔོན་ལ་གླ་པ་བྱས་པ་དང་དེ་རྗེས་བཟོ་གྲྭ་བཙུགས་པ་མ་ཟད་གྲོང་ཁྱེར་ནང་གཞིས་ཆགས་ནས་བསྡད་པ་ཡིན།
          གྲོང་ཚོ་ཆེན་པོ་མེད་ཀྱང་དོ་དམ་བྱེད་སླ་པོ་མེད། ངའི་པཱ་ལགས་ཀྱིས་ཁྱེད་ཀྱིས་ཁེ་ལས་དོ་དམ་ཡག་པོ་བྱེད་ཐུབ་ཀྱང་གྲོང་ཚོ་དོ་དམ་ཡག་པོ་བྱེད་ཐུབ་པའི་ངེས་པ་མེད། ཀྲི་ཧྲུའུ་བྱས་རྗེས་ངས་ཁེ་ལས་མནའ་མར་རྩིས་སྤྲད་པས་ཁོ་མོས་སྡུག་པོ་མི་ཉུང་བ་ཞིག་མྱངས་མྱོང་ལ་ང་ལ་འཁང་ར་ཡང་མི་ཉུང་བ་ཞིག་བྱེད་མྱོང་ཡོད། འོན་ཀྱང་འཁང་ར་བྱས་ཀྱང་ཁོང་གིས་ང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།
         སྐབས་འགར་གྲོང་ཚོ་ཆུང་ཆུང་དེ་འདྲ་ཡང་དོ་དམ་བྱེད་ཁག་པོ་ཡོད་པ་མཐོང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག་དོ་དམ་གནང་དགོས་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་འབྲེལ་བ་ཐག་གཅོད་གནང་དགོས་པས་སྐུ་ལས་ཁག་པོ་ཡོང་སྲིད་སྙམ་གྱི་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ཉིད་ཀྱི་ཡོད་ཚད་ཚང་མ་ཏང་དང་རྒྱལ་ཁབ་ལ་ལེགས་སྐྱེས་སུ་ཕུལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་འཇལ་དགོས་ཞེས་གསུངས་ཡོད། ངས་ཁོང་གི་བཀའ་མོལ་དེ་ཚད་ཤིང་དུ་བྱས་ཏེ་རང་ཉིད་ཀྱི་སེམས་ནུས་གྲོང་ཚོའི་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན།
        ངའི་བསམ་པར་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནི་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་གསལ་ཐོ་ཞིག་རེད་སྙམ་གྱི་འདུག གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་། ཞིང་པའི་རྒྱུ་ནོར་དབང་ཆ་འགན་ལེན། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཞིང་པའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་པ། ས་ཞིང་འགན་གཙང་གི་དུས་ཚོད་ཐིམ་རྗེས་སླར་ཡང་ལོ་30ནར་འགྱངས་བྱ་རྒྱུ་སོགས་སྲིད་ཇུས་བཟང་པོ་དེ་དག་ནང་ང་ཚོ་ཞིང་པའི་ཆེད་བཏོན་པའི་སྲིད་ཇུས་མི་ཉུང་བ་ཞིག་ཡོད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་ཚིག་རེ་རེ་ཚང་མ་ང་ཚོ་མི་སེར་ཚོའི་སེམས་ནང་ཟུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྒྲུབས་གནང་བའི་བྱ་བ་ཚང་མ་ང་ཚོ་མི་སེར་ཚང་མས་རེ་སྒུག་བྱེད་པའི་བྱ་བ་ཤ་སྟག་ཡིན་པས་ང་ཚོས་རྦད་དེ་བརྩི་བཀུར་ཞུ་རྒྱུ་ཡིན། ད་ཆ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་མུ་མཐུད་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་གནང་བས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་ལོས་ཡིན།
        ཏང་ཡོན་རྒན་གྲས་ཀྲེང་ཧྲུའུ་ཙེང་། སྤྱི་ཁྱབ་ཧྲུའུ་ཅིའི་རྗེས་སུ་འབྲངས་ན་གདེང་ཚོད་དེ་བས་ཆེ།
        མོང་དབྱིན་རྫོང་མོང་ལན་ཀུའུ་རི་གཤམ་གྱི་ཧོའེ་ལི་གྲོང་ཚོ་ནི་ཀྲུང་གུང་ཧྲན་ཏུང་ཞིང་ཆེན་གྱི་དེ་སྔའི་འགོ་ཁྲིད་རྙིང་པ་ལིའུ་ཤའོ་ཕུའུ་དང་ལིའུ་དབྱི་མོང་ཁུ་དབོན་གྱི་ཕ་ཡུལ་ཡིན་ལ་སྐད་གྲགས་ཆོད་པའི“གསར་བརྗེའི་གྲོང་ཚོ”ཞིག་ཀྱང་རེད། གྲོང་ཚོའི་ཀྲི་ཧྲུའུ་ལིའུ་ནའེ་ཤིན་གྱིས་ང་ཚོ་སྒོ་ར་ཞིག་གི་ནང་འཁྲིད་པ་དང་། རྒན་རྒོན་ཞིག་གིས་དགའ་སྤྲོ་ཆེན་པོས་ང་ཚོའི་མདུན་བསུས།
         རྒན་རྒོན་གྱི་མིང་ལ་ཀྲེང་ཧྲུའུ་ཙེང་ཟེར་བ་དང་ལོ་71ལ་སླེབས་ཤིང་། གྲོང་ཚོའི་ཀྲི་ཧྲུའུ་ལོ་26བྱེད་མྱོང་བ་དང་དམངས་བཙུགས་དགེ་རྒན་ཡང་ལོ་5བྱེད་མྱོང་བ་མ་ཟད། དེབ་དང་ཚགས་པར་བལྟ་རྒྱུར་ཧ་ཅང་དགའ་པོ་ཡོད་པས་སྐད་ཆ་ཆུ་རྒྱུག་རྒྱུག་ཤོད་རྒྱུ་འདུག
         ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་འགྱུར་ལྡོག་ཆེ་ཤོས་གང་བྱུང་འདུག་གམ་ཞེས་འདྲི་སྐབས། ཁོང་གིས་སྤྱི་ཚོགས་ཀྱི་སྤྱོད་ཚུལ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་འདུག་ཅེས་བཤད་བྱུང་། ངས་རྒྱུན་དུ་ཚགས་པར་དང་བརྙན་འཕྲིན་བལྟ་གི་ཡོད། ངས་ངེས་གསལ་ལ་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་ཡུན་རིང་མ་སོང་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་དཔེ་གཞན་སྟོན་གནང་ནས་གཞི་རིམ་དུ་ཕེབས་ཏེ་བརྟག་དཔྱད་གནང་བ་དང་། དམངས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ཕྱིར་རྟོག་ཞིབ་གནང་སྐབས་སྟབས་གང་བདེ་ཡོང་བ་གནང་སྟེ། “གཏན་འབེབས་དོན་ཚན་བརྒྱད”ལ་སྲུང་བརྩི་ཞུ་རྒྱུར་སྣེ་ཁྲིད་གནང་ཡོད།
         “གཏན་འབེབས་དོན་ཚན་བརྒྱད”ཚིག་ཉུང་ཡང་སྤྱོད་གོ་ཆེ་བ་ཞིག་ཡིན། མང་ཚོགས་ཀྱིས“གཏན་འབེབས་དོན་ཚན་བརྒྱད”ཀྱིས་ལས་བྱེད་པ་གཅུན་ཐུབ་པ་བྱུང་སོང་ཞེས་ཤོད་ཀྱི་ཡོད། ང་ཚོའི་གྲོང་ཚོའི་ངོས་ནས་བརྗོད་ན། དེ་སྔ་གོང་རིམ་ནས་ལས་བྱེད་པ་ཡོང་ན། རྟག་ཏུ་ཁ་ལག་གཏོང་དགོས་ཀྱི་ཡོད། གྲོང་ཚོའི་ལས་བྱེད་པ་ཡང་བྱེད་ཁག་པོ་ཡོད། ཁ་ལག་མ་བཏང་ན་འགོ་ཁྲིད་དགོངས་པ་ཚོམ་ཡོང་སྙམ་པ་དང་ཁ་ལག་བཏང་ན་མང་ཚོགས་ཀྱིས་རྒྱབ་བཤད་བརྒྱབ་ཡོང་སྙམ་གྱི་ཡོད། ད་ཆ“གཏན་འབེབས་དོན་ཚན་བརྒྱད”ཡོད་པས་ཡག་པོ་འདུག རྫོང་དང་། གྲོང་ཁྱེར། ཞིང་ཆེན། ཀྲུང་དབྱང་བཅས་གང་ནས་ཡོང་ཡང་། གྲོང་ཚོའི་ལས་ཀ་བྱེད་པར་ཡོང་མཁན་ཤ་སྟག་ཡིན་པ་དང་། ཁ་ལག་ཡང་གྲོང་རྡལ་ཟ་ཁང་གི་ལས་ཀའི་ཁ་ལག་ཟ་བས་གྲོང་ཚོས་སྣེ་ལེན་གང་ཡང་བྱེད་མི་དགོས་པར་བརྟེན་གྲོང་ཚོའི་ལས་བྱེད་པའི་ཁུར་པོ་ཡང་དུ་ཕྱིན་ཡོད། དེ་དག་ཚང་མ་ང་ཚོས་མིག་གིས་མཐོང་བ་དང་སེམས་ནང་དགའ་ཚོར་སྐྱེ་གི་འདུག
          ཏང་ནན་པོས་སྐྱོང་རྒྱུ་དེ་ནམ་ཡང་ཚར་དུས་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཡོངས་འཛིན་སྐྱོང་དང་ཏང་ཡོངས་དམ་འཛིན་གནང་སྟེ་བློ་བརྟན་འགྱུར་མེད་ངང“སྟག་སྦྲང་མཉམ་རྡུང”གནང་བར་བརྟེན་མི་སེར་ཚོའི་བསྔགས་བརྗོད་ཐོབ་ཡོད། གྲོང་ཚོ་གཅིག་གིས་ཇི་ལྟར་བྱས་ནས་ཏང་ནན་པོས་སྐྱོང་དགོས་སམ། ངས་དེ་སྔ་གྲོང་ཚོའི་ཀྲི་ཧྲུའུ་བྱེད་མྱོང་བ་དང་། གྲོང་ཚོའི་ཀྲི་ཧྲུའུ་ཡིས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ལ་དམ་འཛིན་ནན་པོ་བྱེད་ཐུབ་ན་གཞི་རིམ་གྱི་ཏང་རྩ་འཛུགས་གཞི་ནས་སྟོབས་ཆེར་འགྱུར་ཐུབ་ཀྱི་རེད་སྙམ་གྱི་ཡོད།
          ད་ཆ་གྲོང་ཚོའི་ཀྲི་ཧྲུའུ་ཡི་ལས་ཀའི་འཇོན་ཐང་ང་ལས་ལྷག་པ་ཡོད་པ་དང་། དམ་འཛིན་ང་ལས་ནན་པ་བྱེད་ཀྱི་འདུག དཔེར་ན། ཏང་ཡོན་གྱི་ཚོགས་འདུ་འཚོགས་སྐབས་ཡོང་མཁན་ཉུང་བ་དང་ཏང་ཡོན་སུམ་ཅུ་བཞི་བཅུ་ཡོད་ན་བརྒྱད་དགུ་ཙམ་ལས་སླེབས་ཐུབ་ཀྱི་མེད། ད་ཆ་ཏང་ཡོན་གྱི་ཚོགས་འདུ་འཚོགས་སྐབས་ཚང་མ་དུས་ཐོག་ཏུ་སླེབས་པ་མ་ཟད། འཐབ་ཇུས་སམ་ཡང་ན་བྱ་བ་དངོས་བསྒྲུབ་པའི་ལས་ཕྱོད་ཀྱང་མཐོ་པོ་ཡོད་ལ་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད།